ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔོན་རིགས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ལ་སྔར་བཞིན་འགལ་བ་ཆེན་པོ་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཐོ་རིམ་དཔོན་པོས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གྲོས་མོལ་སླར་གསོ་བྱེད་པར་སྔར་བཞིན་འགལ་བ་ཆེན་པོ་ཡོད་པ་དང་། གྲོས་མོལ་དེ་ཚད་མེད་པར་རྒྱུན་བསྲིང་མི་སྲིད་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་མ་བཤད་པའི་དཔོན་རིགས་ཤིག་གིས་ཉིན་དེར་ཁ་པར་བརྒྱུད་དེ་བཤད་རྒྱུར། སྐོར་ཐེངས་དྲུག་གི་གྲོས་མོལ་བརྒྱུད་དེ། ཨ་མེ་རི་ཁ་དང་དབྱི་ལིང་ཕྱོགས་གཉིས་བར་གནད་དོན་མང་བོའི་ཐད་སྔར་བཞིན་འགལ་བ་ཚབས་ཆེན་གནས་ཡོད། དཔེར་ན་དབྱི་ལིང་དང་ཨ་མེ་རི་ཁ་སོ་སོར་ཉིང་རྡུལ་ནུས་པའི་ལས་གཞི་དང་བཀག་སྡོམ་མེད་པར་གཏོང་བའི་གནད་དོན་ཐད་སྤྱོད་དགོས་པའི་ལས་རིམ་དང་ལག་བསྟར་གྱི་རིམ་པ་ཡོད་པ་ལྟ་བུ་རེད་ཟེར། 

དཔོན་རིགས་དེས་བཤད་རྒྱུར། ཨ་མེ་རི་ཁ་མུ་མཐུད་དུ་སྐོར་ཐེངས་རྗེས་མའི་གྲོས་མོལ་ལ་ཞུགས་སྲིད་པ་དང་། ཕྱོགས་གཉིས་ཀྱིས་ཆིངས་ཡིག་སླར་གསོའི་གནད་དོན་ཐད་ནས་གྲོས་མཐུན་འགོད་ཐུབ་ཡང་སྲིད། དབྱི་ལིང་གི་ཙུང་ཐུང་འདེམ་བསྐོའི་མཇུག་འབྲས་ལས་ཨ་མེ་རི་ཁས་གྲོས་མཐུན་འགོད་རྩིས་ཡོད་པའི་ཆོད་སེམས་དང་གོམ་སྟབས་ལ་ཤུགས་རྐྱེན་ཐེབས་མི་སྲིད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།