ཀྲུང་གོ་བོད་ཀྱི་དྲ་བ།

ལི་པུ་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཇར་མན་གྱི་པའོ་ལིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློགའཕྲིན་ལྟར།  ལི་པུ་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ཚེས་ཉེར་གསུམ་ཉིན་འཇར་མན་གྱི་རྒྱལ་ས་པའོ་ལིན་ནས་བསྡུས། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ལི་པུ་ཡཱའི་གནས་བབ་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པ་དང་། ཕྱི་རྒྱལ་གྱི་དྲག་ཆས་དམག་དཔུང་དང་གླས་དམག་ལི་པུ་ཡཱ་ནས་ཕྱིར་འཐེན་བྱས་ཏེ། རྒྱལ་ཁབ་དེར་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་པར་ཡར་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་བརྙན་རིས་བརྒྱུད་དེ་གྲོས་ཚོགས་ལ་ཞུགས། ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ན་ནིང་ཟླ་བཅུ་བར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པ་དང་། མིག་སྔར་ཕྱི་ཕྱོགས་སྟོབས་ཤུགས་དག་ལི་པུ་ཡཱ་ནས་ཕྱིར་འཐེན་བྱེད་པ་ནི་ཞི་བདེ་མངོན་འགྱུར་བྱེད་པའི་གནད་འགག་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅང་མི་འགོར་བར་སྐོར་ཐེངས་དང་པོའི་ལྟ་ཞིབ་པ་ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པའོ་ལི་རུ་མངག་ནས་ཕྱོགས་སོ་སོས་འཁྲུག་རྩོད་མཚམས་བཞག་པའི་གནས་ཚུལ་ལ་ལྟ་རྟོག་བྱེད་དུ་འཇུག་རྒྱུ་ཡིན་ཟེར། 

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་གྲོས་ཚོགས་སྟེང་བཤད་རྒྱུར། ལི་པུ་ཡཱའི་མི་དམངས་ཀྱིས་རང་ཉིད་ཀྱི་མ་འོངས་པ་ཐག་གཅོད་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལི་པུ་ཡཱའི་མི་དམངས་དག་རང་ཉིད་ཀྱིས་གདམ་པའི་བགྲོད་ལམ་དུ་ཞུགས་པར་རྒྱབ་སྐྱོར་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་མཱ་སི་ཡིས་བསྟན་དོན། ཆེས་མཇུག་མཐའི་ཕྱི་ཕྱོགས་སྟོབས་ཤུགས་ལི་པུ་ཡཱ་དང་མ་བྲལ་གོང་། ཕྱོགས་སོ་སོས་འབྲེལ་ཡོད་བྱ་བ་མཚམས་འཇོག་མི་སྲིད་ཟེར། 

ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གསར་བའི་ཙུང་ལི་ཏི་པེ་པཱ་ཡིས་བཤད་རྒྱུར། ལི་པུ་ཡཱ་མིག་སྔར་གནད་འགག་གི་དུས་སྐབས་སུ་གནས་པ་དང་། དེ་ཡང་རེ་བས་ཁེངས་པའི་དུས་སྐབས་ཤིག་ཀྱང་རེད། དཀའ་ཁག་མང་བོར་འཕྲད་ཀྱང་ཕྱོགས་སོ་སོའི་བར་འཐབ་འཁྲུག་ཡང་བསྐྱར་མི་འབྱུང་བའི་ཐུན་མོང་ལྟ་ཚུལ་བྱུང་ཡོད། ཁོས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ལི་པུ་ཡཱའི་ཆབ་སྲིད་ཐེ་གཏོགས་དང་རྒྱལ་ཁབ་དེའི་ད་ལོའི་ལོ་མཇུག་ཏུ་སྤེལ་རྒྱུ་ཡིན་པའི་འདེམ་བསྐོའི་བྱ་འགུལ་ལ་བར་ཆད་བྱེད་མི་རུང་ཟེར། ལི་པུ་ཡཱའི་ཕྱི་འབྲེལ་བློན་ཆེན་མན་ཀུའུ་ཧྲི་ཡིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནས་གླས་དམག་ཕྱིར་འཐེན་བྱེད་པའི་གནད་དོན་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཡོད་ལ། ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མ་འོངས་པའི་ཉིན་འགའི་ནང་ལི་པུ་ཡཱའི་མངའ་ཁོངས་ཀྱི་གླས་དམག་ཕྱིར་འཐེན་བྱེད་མགོ་རྩོམ་པའི་འཆར་གཞི་ཡོད། 

ཐེངས་འདིའི་ལི་པུ་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཅིག་ཡིན་པ་དང་། འཇར་མན་དང་ལི་པུ་ཡཱ། ཨ་མེ་རི་ཁ། ཨུ་རུ་སི། ཀྲུང་གོ། དབྱིན་ཇི། ཧྥ་རན་སི་སོགས་རྒྱལ་ཁབ་བཅུ་ལྷག་དང་། མཉམ་འབྲེལ་རྒྱལ་ཚོགས། ཡོ་རོབ་གླིང་མནའ་འབྲེལ་ལྷན་ཚོགས། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་གྲོས་ཚོགས་ལ་ཞུགས། ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོར། འཇར་མན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐོག་དང་པོར་པའོ་ལིན་ནས་ལི་པུ་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་བསྡུས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།