ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་འཐུས་མིས་རྒྱལ་ཁབ་མང་བོས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་གི་མཉམ་ལས་ལ་ཡར་སྐུལ་བྱས་ཏེ་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝ་དོན་གཅོད་ཁང་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་པར་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཁྲིན་ཞུའུ་ཡིས་ཚེས་ཉེར་གཉིས་ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཞེ་བདུན་པ་ནས་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ། ཝེ་ནེ་ཙུའེ་ལཱ། ཨེ་ཅིབ། དབྱི་ལིང་། ཐཱ་ཅི་ཁི་སི་ཐན། སིང་ག་ལཱ། ཁམ་ཕུ་ཀྲེ། པའོ་ལེ་ཝེ་ཡཱ་སོགས་རྒྱལ་ཁབ་ཉི་ཤུ་ཙམ་གྱི་ཚབ་བྱས་ཏེ་ཐུན་མོང་གཏམ་བཤད་སྤེལ་ཏེ། རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་གི་མཉམ་ལས་ལ་ཡར་སྐུལ་བྱས་ཏེ་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཁྲིན་ཞུའུ་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་འཛུགས་པའི་གྲོས་ཆོད་དྲུག་ཐིག་ནས་གཉིས་ལྔ་གཅིག་ལྟར་ན། འགྲོ་མིའི་ཐོབ་ཐང་ལས་འཛིན་ལཧན་ཚོགས་ཀྱི་བྱ་བས་ཡོངས་ཁྱབ་རང་བཞིན་དང་དྲང་བདེན་རང་བཞིན། དངོས་ཡོད་རང་བཞིན། གདམ་གསེས་མ་ཡིན་པའི་རང་བཞིན་བཅས་དང་། འཛུགས་སྐྲུན་རང་བཞིན་གྱི་རྒྱལ་སྤྱིའི་གྲོས་མོལ་དང་མཉམ་ལས་སོགས་ཀྱི་རྩ་དོན་བརྩི་སྲུང་བྱེད་དགོས། ང་ཚོས་རྒྱལ་ཁབ་རེ་འགས་རང་སྟེང་གི་འགྲོ་མིའི་ཐོབ་ཐང་གནད་དོན་གལ་ཆེན་སྣང་མེད་དུ་བསྐྱུར་ནས། འགྲོ་མིའི་ཐོབ་ཐང་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་པར་ཚོད་མེད་སྐྱོན་འཛུགས་དང་། རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྩ་དོན་དང་རྩ་བ་ནས་འགལ་ཡོད། རྒྱལ་ཁབ་རེ་འགས་དམངས་གཙོ་དང་འགྲོ་མིའི་ཐོབ་ཐང་གི་དར་ཆ་བཟུང་ནས་རང་སྟེང་གི་རིན་ཐང་ལྟ་བ་དང་འཕེལ་རྒྱས་རྣམ་པ་དེ་གཞན་ལ་བཙན་པོ་གཉའ་འཇོག་བྱེད་རྩིས་བྱས་པ་དང་། ཐ་ན་འགྲོ་མིའི་ཐོབ་ཐང་ལ་ཁ་གཡར་ནས་དམག་དོན་ཐེ་གཏོགས་དང་ཕྱོགས་གཅིག་ནས་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་ཏེ། རྒྱལ་ཁབ་གཞན་པའི་མི་དམངས་ལ་དཀའ་སྡུག་ཆེན་པོ་བཟོ་བཞིན་ཡོད། བྱ་སྤྱོད་དེ་རིགས་ཀྱིས་རྒྱལ་ཁབ་གཞན་པའི་བདག་དབང་དང་ཆབ་སྲིད་རང་བཙན་ལ་གནོད་པ་བཟོས་པར་མ་ཟད། རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་གི་མཉམ་ལས་ལ་གཏོར་བརླག་ཚབས་ཆེན་བྱས་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་དེར་ངོ་རྒོལ་བྱེད་དགོས་ཟེར། 

ཁྲིན་ཞུའུ་ཡིས་བསྟན་དོན། རྒྱལ་ཁབ་སོ་སོས་བདག་དབང་འདྲ་མཉམ་རྩ་དོན་རྒྱུན་འཁྱོངས་དང་ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་ལེན། རིགས་སྣ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལ་ཐུན་མོང་ལྟ་སྟངས་བཟུང་སྟེ། རྒྱལ་ཁབ་སོ་སོས་རང་གི་གནས་ཚུལ་ལ་གཞིགས་ཏེ་རང་བདག་གིས་གདམ་གསེས་བྱས་པའི་འགྲོ་མིའི་ཐོབ་ཐང་གི་འཕེལ་རྒྱས་བགྲོད་ལམ་ལ་བརྩི་འཇོག་བྱེད་པ་དང་། རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་གི་མཉམ་ལས་ལ་ཡར་སྐུལ་བྱས་ནས་རྒྱལ་སྤྱིའི་དྲང་བདེན་དང་འདྲ་མཉམ་ལ་སྲུང་སྐྱོབ་བྱེད་དགོས། ང་ཚོས་ཀྱང་འགྲོ་མིའི་ཐོབ་ཐང་གི་མཐོ་རིམ་ཆེད་དོན་པ་དང་མཐོ་རིམ་ཆེད་དོན་པའི་གཞུང་སྒྲུབ་ཁང་གིས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཀྱི་གྲོས་ཆོད་བཞི་བརྒྱད་ནས་གཅིག་བཞི་གཅིག་གཞིར་བཟུང་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་འཛམ་གླིང་འགྲོ་མིའི་ཐོབ་ཐང་གི་བསྒྲགས་གཏམ་གྱི་སྒྲོམ་གཞིའི་ནང་ལས་འགན་ལག་བསྟར་བྱེད་པ་དང་། ཁོངས་གཏོགས་རྒྱལ་ཁབ་དག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་པར་རེ་བས་ཁེངས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།