ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་མི་འབུད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་ཐི་ལིང་ཕུའུ་སྲིད་གཞུང་གིས་རྒྱལ་ཁབ་གཞན་པའི་ཁེ་ཕན་སྣང་མེད་དུ་བསྐྱུར་ཏེ་ཕྱོགས་གཅིག་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་པ་རེད། གལ་ཏེ་ཨ་མེ་རི་ཁ་ཡང་བསྐྱར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་ན། ད་ལྟའི་ཨ་མེ་རི་ཁའི་སྲིད་གཞུང་གིས་ངེས་པར་དུ་ཕྱོགས་གཅིག་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་མི་འབུད་པར་ཁག་ཐེག་བྱེད་དགོས་ཟེར། 

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱིས་ཚེས་ཉི་ཤུ་ཉིན་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་ཨ་མེ་རི་ཁ་དང་དབྱི་ལིང་གིས་ཆིངས་ཡིག་སླར་གསོ་བྱེད་པའི་གནད་དོན་ཐད་ནས་སྐོར་ཐེངས་དྲུག་པའི་གྲོས་མོལ་མཇུག་སྒྲིལ། ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བསྟན་དོན། གྲོས་མོལ་ནས་འཆར་ཟིན་མངོན་གསལ་བཀོད་ཡོད་པ་དང་། ད་ལྟ་ཕྱོགས་སོ་སོས་ཆབ་སྲིད་ཀྱི་བརྡར་གཅོད་བྱེད་དགོས་ཟེར། 

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པར། དབྱི་ལིང་དང་། ཨ་མེ་རི་ཁ། དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ། འཇར་མན་བཅས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་བཀོད། གྲོས་མཐུན་ལྟར་ན། དབྱི་ལིང་གིས་རང་གི་ཉིང་རྡུལ་ནུས་པའི་འཆར་གཞིར་ཚོད་འཛིན་བྱེད་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་རྒྱུ་ཁས་ལེན་བྱས་ཡོད། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་བར། ཨ་མེ་རི་ཁའི་སྲིད་གཞུང་ཕྱོགས་གཅིག་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་པ་དང་། དེའི་རྗེས་སུ་དབྱི་ལིང་ལ་དམིགས་པའི་བཀག་སྡོམ་བྱེད་ཐབས་རབ་དང་རིམ་པ་ཁ་སྣོན་བྱས། ཉིས་སྟོང་བཅུ་དགུ་ལོའི་ཟླ་ལྔ་བའི་ཚུན་ལ། དབྱི་ལིང་གིས་རིམ་བཞིན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་དོན་ཚན་སྐོར་ཞིག་ལག་བསྟར་བྱེད་མཚམས་བཞག་ཀྱང་། ལག་བསྟར་བྱས་པའི་བྱེད་ཐབས་ལ་བཅོས་བསྒྱུར་བྱས་ཆོག་པར་ཁས་ལེན་བྱས། 

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་སོ་སོའི་གྲོས་མོལ་དེ་ཟླ་བཞི་བའི་ཚེས་དྲུག་ཉིན་ནས་བཟུང་ཝེ་ཡེ་ནཱ་ནས་སྤེལ་མགོ་བརྩམས་ཏེ། ཨ་མེ་རི་ཁ་དང་དབྱི་ལིང་གིས་ཆིངས་ཡིག་སླར་གསོ་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས། ད་ལྟའི་བར་གྲོས་མོལ་སྐོར་ཐེངས་དྲུག་སྤེལ། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།