ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམིགས་བསལ་འཐུས་མིས་ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་གྲོས་མོལ་གྲོས་གཞིར་ལན་གསལ་བོ་སྟེར་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་ཁྲའོ་ཞན་ལས་དོན་གྱི་དམིགས་བསལ་འཐུས་མི་ཅིན་ཧྲིན་གྱིས་ཚེས་ཉེར་གཅིག་ཉིན་ཧན་གོའི་རྒྱལ་ས་ཧྲིག་ཨར་ནས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་དེའི་སྔོན་ཁྲའོ་ཞན་དང་མཉམ་དུ་དུས་ཚོད་དང་ས་གནས་གང་རུང་ནས་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་གྲོས་མོལ་བྱེད་པའི་གྲོས་གཞི་བཏོན་པར། ཁྲའོ་ཞན་གྱིས་ལན་གསལ་བོ་སྟེར་དགོས་པའི་རེ་བ་བཏོན། 

ཉིན་དེའི་སྔ་དྲོར། ཅིན་ཧྲིན་གྱིས་ཧྲིག་ཨར་ནས་སྔ་གཞུག་ཏུ་ཧན་གོའི་ཕྱི་འབྲེལ་པུའུ་ཡི་ཕྱེད་གླིང་ཞི་བདེའི་ལས་དོན་གྱི་པུའུ་ཀྲང་ལུའུ་ཁོས་ཏི་དང་། ཆེད་དུ་ཧྲིག་ཨར་དུ་ཡོང་བའི་འཇར་པན་ཕྱི་འབྲེལ་པུའུ་ཡི་ཨེ་ཤ་ཡཱ་གླིང་དང་རྒྱ་མཚོ་ཆེན་མོའི་གླིང་གི་ལས་དོན་ཅུའུ་ཡི་ཅུའུ་ཀྲང་ཁྲོན་ཡའོ་ཅན་ཡུས་གཉིས་དང་མཉམ་དུ་གྲོས་མོལ་སྤེལ་ཏེ། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་སོགས་ཁྲའོ་ཞན་དང་འབྲེལ་བའི་གྲོས་གཞིར་གྲོས་བསྡུར་བྱས། 

ལུའུ་ཁོས་ཏི་དང་གྲོས་མོལ་མ་བྱས་གོང་སྤེལ་བའི་གཏམ་བཤད་ལས་ཅིན་ཧྲིན་གྱིས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ཉེ་སྔོན་ཨ་མེ་རི་ཁའི་ལངས་ཕྱོགས་གླེང་སྐབས་གྲོས་མོལ་དང་ངོ་རྒོལ་ཕྱོགས་གཉིས་ནས་གྲ་སྒྲིག་བྱེད་ཡོད་པའི་ཚུལ་བསྟན་པར་དོ་སྣང་བྱེད་བཞིན་ཡོད། གྲོས་མོལ་དང་ངོ་རྒོལ་གང་ཡིན་ཡང་ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྱང་དགོས་ངེས་ཀྱི་གྲ་སྒྲིག་བྱས་ཡོད་ཟེར། 

ལུའུ་ཁོས་ཏི་ཡིས་བསྟན་དོན། ཧན་གོའི་སྲིད་གཞུང་གིས་མུ་མཐུད་དུ་ཨ་མེ་རི་ཁའི་བར་གྲོས་མོལ་དང་མཐུན་སྦྱོར་བྱས་ཏེ། ཧན་གོ་དང་ཨ་མེ་རི་ཁ། ཁྲའོ་ཞན་བཅས་བར་གྱི་གྲོས་མོལ་སླར་གསོ་བྱེད་པར་དགོས་ངེས་ཀྱི་ནུས་པ་འདོན་རྒྱུ་ཡིན་པ་དང་། ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་དང་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་འབྲེལ་བས་ཕན་ཚུན་སྐུལ་འདེད་གཏོང་བའི་རྣམ་པ་བཟང་བོ་ཆགས་སུ་འཇུག་པར་རེ་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།