ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་མིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱི་ཝེ་ཡེ་ནཱའི་གྲོས་མོལ་ནས་གྲོས་མཐུན་འགོད་ལ་ཉེ་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་དང་འབྲེལ་བའི་ཕྱོགས་སོ་སོས་ཨ་མེ་རི་ཁ་དང་དབྱི་ལིང་གིས་ཆིངས་ཡིག་སླར་གསོ་བྱེད་པའི་གནད་དོན་ཐད་ནས་ཚེས་ཉི་ཤུ་ཉིན་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་སྐོར་ཐེངས་དྲུག་པའི་གྲོས་མོལ་མཇུག་སྒྲིལ། ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་མི་མའོ་ལཱ་ཡིས་གྲོས་མོལ་གྲོལ་རྗེས་བསྟན་དོན། གྲོས་མོལ་ནས་གྲོས་མཐུན་འགོད་ལ་ཉེ་ཟེར། 

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་སྤྱི་ཁྱབ་ཟི་ཀྲང་རིམ་པའི་གྲོས་ཚོགས་ཉིན་དེའི་ཕྱི་དྲོར་ཝེ་ཡེ་ནཱའི་མགྲོན་ཁང་ཆེན་མོ་ནས་སྤེལ། གྲོས་ཚོགས་ལ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཕྱོགས་འགུལ་སྐྱོད་ལས་དོན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་མའོ་ལཱ་ཡིས་མགོ་འཛིན་བྱས་པ་དང་། ཀྲུང་གོ་དང་ཧྥ་རན་སི། འཇར་མན། ཨུ་རུ་སི། དབྱིན་ཇི། དབྱི་ལིང་བཅས་ཀྱི་འཐུས་མི་གྲོས་ཚོགས་ལ་ཞུགས། 

མའོ་ལཱ་ཡིས་གྲོས་མོལ་གྲོལ་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ང་ཚོས་གྲོས་མཐུན་འགོད་ལ་ཉེ་ཡང་། ང་ཚོ་སྔར་བཞིན་དམིགས་ཡུལ་དུ་བསླེབ་མེད་ཟེར། 

མའོ་ལཱ་ཡིས་བསྟན་དོན། གྲོས་མོལ་དེས་ལག་རྩལ་གྱི་གནད་དོན་རེ་འགའི་ཐད་ནས་གྲུབ་འབྲས་བླངས་ཡོད་པ་དང་། ཕྱོགས་སོ་སོ་གྲོས་མཐུན་གྱི་ལག་རྩལ་མ་ཡིག་ལ་ངོས་འཛིན་གསལ་བོ་བྱུང་ཡོད་ཟེར། ཕྱོགས་སོ་སོའི་འཐུས་མི་ཕྱིར་རྒྱལ་ནང་དུ་ལོག་ནས་གྲོས་མོལ་བྱེད་རྒྱུ་ཡིན་ལ། ཁོ་ཚོ་ཕྱིར་ཝེ་ཡེ་ནཱ་རུ་ལོག་ནས་སྐོར་ཐེངས་རྗེས་མའི་གྲོས་མོལ་བྱེད་སྐབས། ཇི་ལྟར་མཇུག་མཐའི་གྲོས་མཐུན་འགོད་པའི་ཐད་བསམ་ཕྱོགས་སྔར་ལས་གསལ་བོ་འདོན་ཐུབ་པར་རེ་བ་བྱས་ཡོད་ཟེར། 

མའོ་ལཱ་ཡིས་གྲོས་མོལ་དེ་དུས་ནམ་ཞིག་ལ་སླར་གསོ་བྱེད་པ་གསལ་བོར་མ་བཤད་ཀྱང་། ཁོས་དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་དཔྱད་ཞིབ་བྱ་བའི་ཐད་ནས་བཀོད་པའི་གནས་སྐབས་ཀྱི་ལག་རྩལ་གྲོས་མཐུན་དེ་ཟླ་དྲུག་པའི་ཚེས་ཉེར་བཞིའི་ཉིན་ཡུན་ཚད་ལོངས་རྗེས་ཡང་བསྐྱར་རྒྱུན་བསྲིང་ཐུབ་པར་རེ་སྒུག་བྱས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།