ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་གཤེར་གཟུགས་སོལ་རླངས་དྲུད་པའི་རླངས་འཁོར་ཞིག་འགས་གཏོར་བྱུང་སྟེ་ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་རྒྱལ་ཁབ་བྲེལ་མྱུར་ལས་དོན་དོ་དམ་ཅུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱའི་ལྷོ་ནུབ་ཕྱོགས་ཀྱི་ལཱ་ཀི་སི་གྲོང་ཁྱེར་ནས་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་གཤེར་གཟུགས་སོལ་རླངས་དྲུད་པའི་རླངས་འཁོར་ཞིག་འགས་གཏོར་བྱུང་སྟེ་ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གསུམ་ལ་རྨས་ཕོག་ཟེར། 

ནེ་ཀྲི་རི་ཡཱའི་རྒྱལ་ཁབ་བྲེལ་མྱུར་ལས་དོན་དོ་དམ་ཅུའུ་ཡི་ལྷོ་ནུབ་ས་ཁུལ་གྱི་གཞུང་སྒྲུབ་ཁང་གི་འགན་ཁུར་བ་ཧྥ་ལིན་ལོ་ཡེ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ས་དེའི་ཚེས་བཅུ་བདུན་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་ཡས་མས་སུ། གཤེར་གཟུགས་སོལ་རླངས་དྲུད་པའི་རླངས་འཁོར་ཞིག་ལཱ་ཀི་སི་གྲོང་ཁྱེར་གྱི་དབྱེ་ཁའེ་ཅཱ་ས་ཁུལ་གྱི་སྲང་ལམ་ཞིག་ཏུ་བགྲོད་སྐབས་གློ་བུར་དུ་འགས་གཏོར་བྱུང་སྟེ་མེར་འབར། མེ་སྐྱོན་དེ་རླུང་དང་བསྟུན་ནས་སྲང་ལམ་འགྲམ་གྱི་ཚོང་ལས་ཐོག་ཁང་ཆེན་མོར་མཆེད་དེ། ཐོག་ཁང་ཆེན་མོ་དེ་ཡང་མེར་འབར་བ་རེད་ཟེར། 

ཧྥ་ལིན་ལོ་ཡེ་ཡིས་བཤད་རྒྱུར། སྙན་ཞུ་འབྱོར་རྗེས་བྲེལ་མྱུར་ལས་དོན་དོ་དམ་སྡེ་ཁག་དང་མེ་གསོད་སྡེ་ཁག་གི་མི་སྣ་མྱུར་མོར་ཡུལ་དངོས་སུ་འབྱོར་བ་དང་། མིག་སྔར་མེ་བསད་ཡོད་ཟེར། རྒུད་སྐྱོབ་མི་སྣས་ཚོང་ལས་ཐོག་ཁང་ཆེན་མོའི་ནང་བེམ་པོ་གསུམ་རྙེད་པ་དང་། གཞན་ཡང་མི་བཅུ་གསུམ་ལ་ཚད་མི་འདྲ་བའི་རྨས་ཕོག་ཡོད་ལ། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།