ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་ཚེས་བཅོ་བརྒྱད་ཉིན་ཀུའུ་ཐི་ལོས་སི་སྐབས་རྗེས་མའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་དངོས་སུ་བསྐོ་འཇོག་བྱས། ཀུའུ་ཐི་ལོས་སི་ཡིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལོ་ལྔའི་འགན་ཡུན་ཐེངས་གཉིས་པ་མགོ་རྩོམ་རྒྱུ་རེད། 

སྐབས་དོན་ལྔ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་པའོ་ཚི་ཁི་ཨར་གྱིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྟེང་དངོས་སུ་བསྐོ་འཇོག་གི་དོན་དེ་ཁྱབ་སྒྲོག་བྱས་པ་རེད། ཀུའུ་ཐི་ལོས་སི་ཡིས་དངོས་སུ་བསྐོ་འཇོག་ཐོབ་རྗེས་གསར་འགྱུར་ལས་རིགས་ལ་གཏམ་བཤད་སྤེལ་ཏེ། མིག་སྔར་དང་ཁོའི་འགན་ཡུན་ཐེངས་གཉིས་པའི་ནང་ཕན་ཚུན་གཅིག་འབྲེལ་གྱི་འགུལ་སྐྱོད་ཆེན་པོ་བཅུ་ལག་ལེན་དུ་བསྟར་དགོས་པ་དང་། དེའི་ནང་པྲོག་གསར་གློ་ཚད་རིམས་ནད་དང་དེའི་མཇུག་འབྲས་ཐད་གཞི་རྒྱ་ཆེ་ཞིང་ཡུན་རིང་བའི་ཐག་གཅོད་བྱེད་ཐབས་སྤྱོད་དགོས་པ་དང་། ངེས་པར་དུ་ནུས་པ་གང་ཡོད་ཀྱིས་ས་ཁུལ་སོ་སོའི་མི་ཚང་མར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐོབ་པར་འགན་སྲུང་བྱེད་དགོས་ཟེར། 

འགུལ་སྐྱོད་གཙོ་བོ་གཞན་པར་བློ་བརྟན་འགྱུར་མེད་ཀྱིས་ཞི་བདེ་དང་བདེ་འཇགས་བརྩོན་ལེན་བྱེད་པ་དང་། རང་བྱུང་ཁམས་ཆེན་མོ་དང་འཆམ་མཐུན་མཉམ་གནས་བྱེད་པ། ནམ་ཟླའི་འགུལ་སྐྱོད་ལ་ཤུགས་སྣོན་པ། རྒྱུན་མཐུད་འཕེལ་རྒྱས་ཀྱི་ལོ་བཅུའི་འགུལ་སྐྱོད་འཆར་གཞིར་སྐུལ་འདེད་གཏོང་བ། སྔར་ལས་འདྲ་མཉམ་གྱི་འཛམ་གླིང་འཛུགས་སྐྲུན་བྱེད་པ། འགྲོ་མིའི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ་ལ་སྲུང་སྐྱོབ་བྱེད་པ། གྲངས་ལྡན་ཅན་གྱི་རིམ་འཕར་ལེགས་བསྒྱུར་ལས་བྱུང་བའི་འགྲན་རྩོད་ཐག་གཅོད་བྱེད་པ། ཕྱོགས་མང་རིང་ལུགས་དང་མིའི་རིགས་ཀྱི་ཐུན་མོང་གྲོས་གཞིར་སྐུལ་འདེད་གཏོང་བ། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་དེ་སྔར་ལས་གཞི་གཅིག་ཅན་དང་སྔར་ལས་འདྲིལ་ཤུགས་ཅན་དུ་འགྱུར་བར་བྱས་ཏེ། ཕྱི་ཕྱོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཞིབ་ཏུ་འགོད་དགོས་ཟེར། 

ཆེས་མཇུག་མཐའི་འགུལ་སྐྱོད་རྣམ་གྲངས་གཙོ་བོ་མི་གཞི་རྩར་བྱེད་པའི་ཐད་ནས་ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ངེས་པར་དུ་མི་སྒེར་དང་ཁྱིམ་ཚང་། སྡེ་ཁུལ་བཅས་ཀྱི་འཚོ་བ་ལེགས་བཅོས་བྱེད་དགོས་པ་དང་། མིའི་ལ་རྒྱ་དང་རིན་ཐང་ལ་བརྩི་འཇོག་བྱེད་པ། མི་རྣམས་ཀྱི་ཐུན་མོང་དང་ཡུན་རིང་གི་རིན་ཐང་ལྟ་བར་བཟུང་བའི་དམ་བཅའ་བརྟན་པོ་ཡང་བསྐྱར་ཇེ་དྲག་ཏུ་གཏོང་དགོས་ཟེར། 

གསར་འགོད་པའི་དྲི་བར་ལན་འདེབས་སྐབས་ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། ངེས་པར་དུ་ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་བྱེད་པ་དང་། རྒྱལ་ཁབ་སོ་སོས་འགལ་བ་བསྐྱུར་ནས་ཕན་ཚུན་བར་གྱི་ཡིད་ཆེས་སླར་གསོ་བྱེད་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་དག་གིས་ཚེས་བརྒྱད་ཉིན་ཐལ་མོ་རྡེབ་པའི་ཐབས་ཀྱིས་གྲོས་ཆོད་ཅིག་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་མཚམས་སྦྱོར་བྱས་པའི་ཀུའུ་ཐི་ལོས་སི་ཡིས་བསྟུད་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་ཁུར་བར་ཐག་གཅོད་བྱས། ཁོའི་འགན་ཡུན་ནི་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ཉིས་སྟོང་ཉེར་དྲུག་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།