ཀྲུང་གོ་བོད་ཀྱི་དྲ་བ།

ཀྲི་ལིའི་ཙུང་ཐུང་གིས་ཀྲུང་གོའི་ཕྱོགས་བར་གྱི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲི་ལིའི་ཙུང་ཐུང་ཕིས་ནེ་ལཱ་ཡིས་ཚེས་བཞི་ཉིན་བསྟན་དོན། ཀྲི་ལི་ཡིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། ཀྲུང་གོའི་ཕྱོགས་བར་གྱི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་བྱེད་པ་དང་ཕྱོགས་མང་རོགས་ལས་ཇེ་ཟབ་ཏུ་གཏོང་བ། ཉོ་ཚོང་དང་དངུལ་གཏོང་། དག་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར། 

ཕིས་ནེ་ལཱ་ཡིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་ཀྲི་ལི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཉིག་ཆིན་པའོ་ཡིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཕིས་ནེ་ལཱ་ཡིས་ཉིག་ཆིན་པའོ་ཡིས་ལས་འགན་གསར་དུ་ཁུར་བར་དགའ་བསུ་ཞུས། ཕིས་ནེ་ལཱ་ཡིས་བཤད་རྒྱུར། ཀྲི་ལི་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་དང་། ཀྲུང་གོ་དེ་ཀྲི་ལིའི་ཆེས་གལ་ཆེ་བའི་མཉམ་ལས་གྲོགས་པོ་ཞིག་ཏུ་གྱུར་ཡོད། ཀྲི་ལི་ཕྱོགས་ཀྱིས་ཀྲུང་གོས་ཀྲི་ལིའི་རིམས་འགོག་ཐད་རྒྱབ་སྐྱོར་དང་རོགས་རམ་གང་ལེགས་བྱས་པར་བཀའ་དྲིན་ཞུས་པ་ཡིན་ཟེར། 

ཉིག་ཆིན་པའོ་ཡིས་བསྟན་དོན། ཀྲི་ལི་ནི་ལཱ་ཏེན་མེ་གླིང་གི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་དུས་ཡུན་རིང་བོར་གཏན་འཇགས་ངང་འཕེལ་རྒྱས་སུ་སོང་ཡོད་ལ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོ་དང་ཀྲི་ལིའི་འབྲེལ་བར་མཛའ་མཐུན་ལྡན་པ་དང་། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་ང་གཅིག་འགོར་བའི་རིང་ལ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་འབྲེལ་བའི་མདུན་གྲལ་དུ་གནས་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་དང་ཀྲི་ལི་ཡིས་ཕན་ཚུན་རོགས་འདེགས་བྱས་པ་དང་། རིམས་འགོག་མཉམ་ལས་དེ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བའི་རྟེན་གསར་བ་ཞིག་ཏུ་གྱུར་ཡོད། ཀྲུང་གོ་དང་ཀྲི་ལིའི་འབྲེལ་བའི་འཕེལ་རྒྱས་དེ་དུས་རབས་གསར་བར་བསླེབ་པའི་སྐབས་སུ་ཀྲི་ལི་རུ་སྡོད་པའི་གཞུང་ཚབ་ཆེན་མོའི་འགན་ཁུར་ཐུབ་པ་བྱུང་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཅིང་། ལས་འགན་ལག་བསྟར་ནན་མོ་བྱས་ནས། ཀྲུང་གོ་དང་ཀྲི་ལིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།