ཀྲུང་གོ་བོད་ཀྱི་དྲ་བ།

དབྱེ་སཱ་ཁི་ཧི་ཨར་ཙོ་ཁི་དབྱི་སི་རལ་གྱི་སྐབས་གསར་བའི་ཙུང་ཐུང་ལ་བདམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྲོས་ཁང་གིས་ཚེས་གཉིས་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། སྔོན་ཆད་ཀྱི་བཟོ་བའི་ཏང་གི་མགོ་ཁྲིད་པ་དབྱེ་སཱ་ཁི་ཧི་ཨར་ཙོ་ཁི་ལ་གྲོས་མི་བརྒྱ་དང་ཉི་ཤུའི་ཁྲོད་ཀྱི་འདེམ་ཤོག་གྱ་བདུན་ཐོབ་ནས། དབྱི་སི་རལ་གྱི་སྐབས་བཅུ་གཅིག་པའི་ཙུང་ཐུང་དུ་བདམས་ཐོན་བྱུང་། 

ཙུང་ཐུང་གི་འདེམ་སྒུག་པ། དབྱི་སི་རལ་གྱི་སློབ་གསོ་བ་ཕའེ་ལོས་ཚི་ལ་འདེམ་ཤོག་ཉེར་དྲུག་ཐོབ་ཡོད། 

དབྱེ་སཱ་ཁི་ཧི་ཨར་ཙོ་ཁི་བདམས་ཐོན་བྱུང་རྗེས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཁོས་མིག་སྔའི་དབྱི་སི་རལ་གྱི་ཁ་བྲལ་སྤྱི་ཚོགས་ཁྲོད་འབྲེལ་ཟམ་བཙུགས་ནས་དམངས་གཙོའི་རྨང་གཞིར་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར། 

དབྱེ་སཱ་ཁི་ཧི་ཨར་ཙོ་ཁི་ནི་གཅིག་སྟོང་དགུ་བརྒྱ་དྲུག་ཅུའི་ལོར་དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་ནས་སྐྱེས་པ་དང་། ཐི་ལཱ་ཝེ་ཧྥུའུ་སློབ་ཆེན་མཐར་ཕྱིན་རྗེས་སྔོན་ཆད་ཁྲིམས་རྩོད་པའི་བྱ་བ་གཉེར་མྱོང་། ཁོ་རང་ཉིས་སྟོང་བཅུ་གསུམ་ལོར་བཟོ་བའི་ཏང་གི་ཀྲུའུ་ཞིར་བདམས་པ་དང་། རྗེས་སུ་དབུས་གཡོན་ཕྱོགས་ཁག་མནའ་འབྲེལ་གྱི་ཡིའུ་ཐེ་བའི་བསྐྱར་དར་རིང་ལུགས་པའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་འགན་ཁུར། ཁོའི་ཨ་ཕ་ནི་དབྱི་སི་རལ་གྱི་སྐབས་དྲུག་པའི་ཙུང་ཐུང་གི་འགན་ཁུར་མཁན་ཧཱ་དབྱེ་མུའུ་ཧི་ཨར་ཙོ་ཁི་ཡིན་པ་རེད། 

དབྱི་སི་རལ་ནི་གྲོས་ཁང་ལམ་ལུགས་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཙུང་ཐུང་ནི་གྲོས་ཁང་གིས་བདམས་ཐོན་བྱེད་པ་ཡིན་ལ། འགན་ཡུན་ལོ་ངོ་བདུན་ཡིན། བསྟུད་འགན་ཁུར་མི་རུང་། དབྱི་སི་རལ་གྱི་ཙུང་ཐུང་ནི་མཚོན་བྱེད་རང་བཞིན་དང་གུས་ལུགས་རང་བཞིན་ལྡན་པའི་རྒྱལ་ཁབ་ཀྱི་མགོ་གཙོ་ཡིན་པ་ལས། དོན་དངོས་ཀྱི་སྲིད་འཛིན་དབང་ཆ་མེད་པ་དང་། ད་ལྟའི་ཙུང་ཐུང་ལི་ཧྥུའུ་ལིན་གྱི་འགན་ཡུན་ཟླ་བདུན་པར་ལོངས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།