ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཨ་མེ་རི་ཁས་ཧན་གོའི་འཕུར་མདའི་གསར་སྤེལ་དང་བེད་སྤྱོད་ཐད་ཀྱི་ཚད་བཀག་མེད་པར་བཏང་བར་སྐྱོན་བརྗོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་དཔྱད་བརྗོད་པའི་རྩོམ་ཡིག་ཅིག་སྤེལ་ཏེ། ཨ་མེ་རི་ཁས་ཧན་གོའི་འཕུར་མདའི་གསར་སྤེལ་དང་བེད་སྤྱོད་ཐད་ཀྱི་ཚད་བཀག་མེད་པར་བཏང་བར་སྐྱོན་བརྗོད་བྱས་པ་དང་། ཧན་གོའི་འཕུར་མདའི་ལྗིད་ཚད་དང་གཏོང་འཕེན་གྱི་ཚད་སོགས་ཀྱི་ཚད་བཀག་མེད་པར་བཏང་བ་ནི་བསམ་བཞིན་དུ་བྱས་པའི་དགྲར་འཛིན་གྱི་བྱ་སྤྱོད་ཅིག་ཡིན་པར་འདོད། 

རྩོམ་ཡིག་ལས་བཤད་རྒྱུར། ཨ་མེ་རི་ཁས་ཕྱོགས་གཅིག་ནས་ཁྲའོ་ཞན་གྱི་རང་སྲུང་བྱེད་ཐབས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་དང་འགལ་ཡོད་པར་བརྗོད་པ་དང་། ཕྱོགས་གཞན་ཞིག་ནས་ཧན་གོར་ཚད་བཀག་མེད་པའི་འཕུར་མདའི་གསར་སྤེལ་དབང་ཆ་བསྩལ་བ་རེད། དེ་ནི་ཨ་མེ་རི་ཁའི་ནམ་རྒྱུན་འགྱུར་བ་མེད་པའི་ཁྲའོ་ཞན་ལ་བཟུང་བའི་དགྲར་འཛིན་སྲིད་ཇུས་ཀྱི་མཚོན་རྟགས་ཤིག་ཡིན་པར་མ་ཟད། ཨ་མེ་རི་ཁས་ངོ་ཚ་ཁྲེལ་མེད་ཀྱི་ཚད་གཞི་ཟུང་ལྡན་གྱི་བྱེད་ཐབས་ལག་བསྟར་བྱེད་པའི་བདེན་དཔང་ཡང་ཡིན་ཟེར། 

རྩོམ་ཡིག་ལས་བཤད་རྒྱུར། ཨ་མེ་རི་ཁས་ཁྲའོ་ཞན་ཕྱེད་གླིང་དང་ཉེ་འཁོར་ས་ཁུལ་དུ་དོ་མཉམ་མིན་པའི་སྣང་ཚུལ་བཟོས་ནས་ཁྲའོ་ཞན་ལ་གནོན་ཤུགས་སྟེར་རྩིས་ཡོད་པ་དང་། དེ་ནི་སྔར་ལས་ལྷག་པའི་སྒོ་ནས་འཁྲུག་རྩོད་མཚམས་འཇོག་པའི་རྣམ་པར་གནས་པའི་ཁྲའོ་ཞན་ཕྱེད་གླིང་གི་རྙོག་འཛིང་སྣེ་འཛིང་གི་གཏན་འཇགས་མིན་པའི་རྣམ་པ་ཛ་དྲག་ཏུ་གཏོང་བའི་ནོར་འཆུག་ཚབས་ཆེན་ཞིག་རེད་ཟེར། ཨ་མེ་རི་ཁས་ཧན་གོའི་འཕུར་མདའི་བཀག་རྒྱ་ཇེ་ལྷོད་དུ་གཏོང་བའི་དམིགས་ཡུལ་ནི་ཁྲའོ་ཞན་ཕྱེད་གླིང་དང་ཉེ་འཁོར་ས་ཁུལ་གྱི་དམག་ཆས་འགྲན་རྩོད་སྣང་ཚུལ་ཇེ་དྲག་ཏུ་བཏང་སྟེ་ཁྲའོ་ཞན་གྱི་འཕེལ་རྒྱས་ལ་བཀག་རྒྱ་བཟོ་རྩིས་རེད། ཁྲའོ་ཞན་གྱིས་སྟོབས་ལྡན་ལ་སྟོབས་འགྲན་པ་དང་དགེ་ཚུལ་ཅན་ལ་དགེ་སེམ་འཛིན་པའི་རྩ་དོན་གྱིས་ཨ་མེ་རི་ཁའི་བར་འབྲེལ་འདྲིས་བྱེད་རྒྱུ་ཡིན་ཟེར། 

ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཟླ་འདིར་ཨ་མེ་རི་ཁར་དུས་ཡུན་ཉིན་བཞིའི་དངོས་གཞིའི་འཚམས་འདྲི་བྱས་པ་རེད། འཚམས་འདྲིའི་སྐབས་སུ། ཕྱོགས་གཉིས་ཀྱིས་ཧན་གོ་དང་ཨ་མེ་རི་ཁའི་འཕུར་མདའི་ཕྱོགས་སྟོན་མེད་པར་གཏོང་བར་ཐུན་མོང་ལྟ་ཚུལ་བཀོད། དབྱེ་ཞིབ་མི་སྣས་བསྟན་དོན། དེ་ནི་ཨ་མེ་རི་ཁས་ཧན་གོས་ཨ་མེ་རི་ཁའི་ལག་རྩལ་ལ་བརྟེན་ནས་གཏོང་འཕེན་གྱི་ཚད་དང་ལྗིད་ཚད་མི་འདྲ་བའི་འཕུར་མདའ་སྣ་ཚོགས་གསར་སྤེལ་བྱེད་པར་ཆོག་མཆན་བཀོད་པ་དང་གཅིག་མཚུངས་ཡིན་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།