ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཨ་རིའི་ཙུང་ཐུང་པའེ་ཏེང་རྣམ་གཉིས་ཟླ6པའི་ཚེས16ཉིན་སུའེ་ཙེར་གྱི་རེ་ནེ་ཝ་རུ་ཐུག་འཕྲད་གནང་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་ཙུང་ཐུང་དྲ་ཚིགས་སྟེང་ཚེས25ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཨ་རིའི་ཙུང་ཐུང་པའེ་ཏེང་རྣམ་གཉིས་ཟླ6པའི་ཚེས16ཉིན་སུའེ་ཙེར་གྱི་རེ་ནེ་ཝ་རུ་ཐུག་འཕྲད་གནང་རྒྱུ་རེད་ཅེས་འཁོད་འདུག

ཨུ་རུ་སུའི་ཙུང་ཐུང་དྲ་ཚིགས་ཐོག་ཕྱོགས་གཉིས་ཀའི་མགོ་ཁྲིད་ཀྱིས་མཇལ་འཛོམས་གནང་སྐབས་ཨུ་རུ་སུ་དང་ཨ་རི་བར་གྱི་ད་ལྟའི་གནས་བབ་དང་སྔར་ལས་འཕེལ་རྒྱས་ཀྱི་མདུན་ལམ། འཐབ་ཇུས་བརྟན་པོ། པྲོག་གསར་རིམས་ནད་ལ་འགོག་རྒོལ་བྱེད་པའི་མཉམ་ལས། དེ་མིན་ས་ཁུལ་བར་གྱི་འགལ་བ་འདུམ་འགྲིག་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱ་རྒྱུ་རེད་ཅེས་བཤད་ཡོད་པ་རེད།

ཚེས25ཉིན་ཨ་རིའི་ཕོ་བྲང་དཀར་པོས་གནས་ཚུལ་འདིའི་སྐོར་ལ་ཁས་ལེན་བྱས་ཤིང་། ཕོ་བྲང་དཀར་པོས་སྟབས་བདེའི་གསལ་བསྒྲགས་ཤིག་སྤེལ་བ་ལྟར་ན། ཨ་རིས་ཨུ་རུ་སུ་དང་འབྲེལ་བའི་མ་འོངས་སྔོན་མཐོང་རང་བཞིན་དང་བརྟན་ལྷིང་སླར་གསོ་ཡོང་བའི་ཐབས་ཇུས་འཚོལ་ཞིབ་བྱས་ཏེ། ཕྱོགས་གཉིས་ཀའི་མགོ་ཁྲིད་ཀྱིས་མཇལ་འཛོམས་བྱེད་སྐབས་ཁ་ཚ་དགོས་གཏུགས་སུ་གྱུར་བའི་གནད་དོན་སྐོར་ཞིག་ལ་གྲོས་བསྡུར་བྱ་རྒྱུ་རེད།

པའེ་ཏེང་གིས་ཟླ4པའི་ཚེས15ཉིན་ད་ལོའི་དབྱར་ཁར་ཕུའུ་ཅིང་དང་མཉམ་དུ་ཡོ་རོབ་ཏུ་དབུ་ཚོགས་འཚོགས་ནས་ཕྱོགས་གཉིས་ཀའི་འབྲེལ་བར་གྲོས་བསྡུར་བྱ་རྒྱུའི་གྲོས་འགོ་བཏོན་ཡོད་ཅེས་བརྗོད། ཨུ་རུ་སུའི་ཙུང་ཐུང་གི་ལས་རོགས་ཨུ་ཧྲ་ཁོའོ་ཧྥུའུ་ཡིས་ཀྱང་ཟླ་དེའི་ཚེས25ཉིན་ཕུའུ་ཅིང་དང་པའེ་ཏེང་རྣམ་གཉིས་ཟླ6པར་ཐུག་འཕྲད་གནང་སྲིད་རྒྱུ་རེད་ཅེས་བཤད་པ་རེད།

ཉེ་བའི་ལོ་ཤས་རིང་ཨ་རི་དང་ཨུ་རུ་སུའི་འབྲེལ་བ་རྒྱུན་མཐུད་ངང་ཛ་དྲག་ཏུ་གྱུར་པ་རེད། པའེ་ཏེང་སྲིད་གཞུང་གི་སྲིད་སྟེགས་སྟེང་སླེབས་པ་ནས་བཟུང་ཕྱོགས་གཉིས་ཀས་དམག་དོན་ཚོད་འཛིན་ཁྱབ་ཁོངས་སུ་ཚད་ཡོད་མཉམ་ལས་བྱས་མོད། འོན་ཀྱང་ཝུའུ་ཁུ་ལན་དང་དྲ་རྒྱའི་བདེ་འཇགས། འགྲོ་བ་མིའི་ཐོབ་ཐང་། འདེམས་བསྐོ་ཐེ་ཇུས་སོགས་ཀྱི་གནད་དོན་ཐད་མི་མཐུན་པའི་ཆ་མངོན་གསལ་དུ་གྱུར་བ་དང་འགྲན་རྒོལ་བྱེད་ཤུགས་ཆེ་རུ་ཕྱིན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།