ཀྲུང་གོ་བོད་ཀྱི་དྲ་བ།

ཨིག་ཀྭ་ཏོར་གྱི་གསར་དུ་བདམས་པའི་ཙུང་ཐུང་ལཱ་སོ་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨིག་ཀྭ་ཏོར་གྱི་གསར་དུ་བདམས་པའི་ཙུང་ཐང་ལཱ་སོ་ཡིས་ཚེས་ཉེར་བཞིའི་ཉིན་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་ནས་དངོས་སུ་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། འགན་ཡུན་ལོ་ངོ་བཞི་རེད། 

ཨིག་ཀྭ་ཏོར་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཀ་ཏ་ལུའུ་ཕེ་ལོས་ལི་ཡིས་ལས་འགན་ཁུར་བའི་མཛད་སྒོར་མགོ་འཛིན་བྱས་པ་དང་། ལཱ་སོ་ལ་ཨིག་ཀྭ་ཏོར་གྱི་རྒྱལ་དར་གྱི་དམར་སྔོ་སེར་གསུམ་གྱིས་གྲུབ་པའི་ཙུང་ཐུང་སྐ་རགས་བཅིངས། 

ལཱ་སོ་ཡིས་ལས་འགན་ཁུར་བའི་གཏམ་བཤད་སྤེལ་སྐབས་རྒྱལ་དམངས་ཀྱིས་མཐུན་སྒྲིལ་བྱས་ཏེ་པྲོག་གསར་གློ་ཚད་རིམས་ནད་ལས་བྱུང་བའི་འགྲན་རྩོད་ཆེན་མོ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། ཨིག་ཀྭ་ཏོར་བསྒྱུར་བཅོས་ཀྱི་དུས་རབས་སུ་བསླེབས་པ་དང་། སྲིད་གཞུང་གསར་བས་སྤྱི་བའི་སྲིད་ཇུས་ལེགས་སྒྲིག་དང་དམངས་འཚོ་ལེགས་བཅོས་གང་ལེགས་བྱེད་པ། འདྲ་མཉམ་དང་དྲང་བདེན་ལ་ཡར་སྐུལ་བྱས་ཏེ། ཨིག་ཀྭ་ཏོར་གྱི་སྣེ་ཁྲིད་དེ་དར་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་ཡིན་ཟེར། དེ་ལས་གཞན་ཨིག་ཀྭ་ཏོར་གྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱ་པའི་འཆར་གཞིར་སྐུལ་འདེད་བཏང་ནས་སྔར་ལས་མང་བའི་ཚེ་སྲོག་སྐྱོབ་རྒྱུ་ཡིན་ཟེར། 

སི་ཕན་རྒྱལ་ཁབ་ཀྱི་རྒྱལ་བོ་ཧྥེ་ལེ་ཕའེ་སྐུ་ཕྲེང་དྲུག་པ་དང་། པཱ་ཞིའི་ཙུང་ཐུང་པའོ་སོ་ནཱ་ལོ། ཧེ་ཐིའི་ཙུང་ཐུང་མའོ་དབྱེ་ཙི་སོགས་ཨིག་ཀྭ་ཏོར་གྱི་ཙུང་ཐུང་གིས་ལས་འགན་ཁུར་བའི་མཛད་སྒོར་ཞུགས། 

ལཱ་སོ་ལ་ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་སྤེལ་བའི་ཨིག་ཀྭ་ཏོར་གྱི་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་རྒྱལ་ཁ་ཐོབ་པ་རེད། ད་ལོར་ལོ་རེ་ལྔ་ཡིན་པའི་སྔོན་ཆད་ཀྱི་དངུལ་ཁང་ལས་དོན་པ་ལཱ་སོ་ཡིས་སྔོན་ཆད་བཀའ་ཡཱ་སི་ཞིང་ཆེན་གྱི་ཧྲིན་ཀྲང་དང་ཨིག་ཀྭ་ཏོར་གྱི་དཔལ་འབྱོར་པུའུ་ཀྲང་གི་འགན་ཁུར་མྱོང་བ་དང་། ཉིས་སྟོང་བཅུ་གསུམ་ལོ་དང་ཉིས་སྟོང་བཅུ་བདུན་ལོར་ཐེངས་གཉིས་ལ་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་མྱོང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།