ཀྲུང་གོ་བོད་ཀྱི་དྲ་བ།

དཔྱིད་མྱུག་འགུལ་སྐྱོད་པའོ་ཚི་ཝ་ནཱ་ནས་དངོས་སུ་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱག་པར་དམིགས་པའི་དཔྱིད་མྱུག་འགུལ་སྐྱོད་ཅེས་པ་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་པའོ་ཚི་ཝ་ནཱའི་རྒྱལ་ས་ཧཱ་པའོ་ལོ་ནེ་ནས་དངོས་སུ་སྤེལ་མགོ་བརྩམས། 

གསར་འགོད་པས་ཉིན་དེའི་སྔ་དྲོར་འགོག་སྨན་བརྒྱག་སའི་ཡུལ་དངོས་ནས་མཐོང་བ་ལྟར་ན། ས་དེའི་སྨན་ཁང་གིས་ཀྲུང་གོའི་སྤྱི་དམངས་ལ་འགོག་སྨན་བརྒྱག་པར་ཆེད་དོན་ས་གནས་བཀོད་སྒྲིག་བྱས་ཡོད་པ་དང་། དང་བླངས་པ་མང་བོས་འགོག་སྨན་བརྒྱག་མཁན་ལ་རོགས་རམ་བྱེད་བཞིན་ཡོད་ལ། འགོག་སྨན་བརྒྱག་པའི་བྱ་བ་ཡོད་ཚད་གོ་རིམ་ལྡན་པར་སྤེལ་བཞིན་ཡོད། 

པའོ་ཚི་ཝ་ནཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཞོས་ཧྥུན་གྱིས་ཡུལ་དངོས་ནས་དཔྱིད་མྱུག་འགུལ་སྐྱོད་ལག་བསྟར་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་བསྟན་དོན། དཔྱིད་མྱུག་འགུལ་སྐྱོད་ལས་ཏང་དང་སྲིད་གཞུང་གིས་ཕྱི་སྡོད་ཀྲུང་གོ་བར་སེམས་ཁུར་བྱེད་པ་མཚོན་ཡོད་ལ། གཞུང་ཚབ་ཁང་གིས་ཤུགས་ཆེན་པོས་དཔྱིད་མྱུག་འགུལ་སྐྱོད་བདེ་བླག་ངང་ལག་བསྟར་བྱེད་པར་འགན་སྲུང་བྱས་ཏེ། པའོ་ཚི་ཝ་ནཱ་རུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་ཐང་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 

ཝང་ཞོས་ཧྥུན་གྱིས་པའོ་ཚི་ཝ་ནཱ་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་པ་དང་ས་གནས་སྨན་ཁང་དང་ཀྲུང་གོའི་དངུལ་གཏོང་ཁེ་ལས། ཕྱི་སྡོད་རང་མིའི་ཚོགས་པ། དང་བླངས་པ་བཅས་ཀྱིས་གཞོགས་འདེགས་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། སྤུན་ཟླ་དག་གིས་འགོག་སྨན་བརྒྱབ་ཀྱང་དོགས་ཟོན་ཇེ་ལྷོད་དུ་གཏན་ནས་གཏོང་མི་རུང་བར། མུ་མཐུད་དུ་ཁ་ཐུམ་བརྒྱག་པ་དང་ལག་པ་བཀྲུ་བ། བདེ་འཇགས་བར་ཐག་སྲུང་འཛིན་བྱེད་པ་སོགས་འགོག་སྲུང་བྱེད་ཐབས་བརྩི་སྲུང་བྱེད་དགོས་པའི་སྐུལ་མ་བཏང་། 

འགོག་སྨན་བརྒྱབ་པའི་ཕྱི་སྡོད་རང་མི་ཞིག་གིས་བཅའ་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། འགོག་སྨན་བརྒྱབ་རྗེས་འགོག་སྲུང་ལྭ་བ་གྱོན་པ་ནང་བཞིན་སེམས་བདེ་རུ་བབས་སོང་། ཀྲུང་གོའི་སྤྱི་དམངས་ཡིན་པའི་ཆ་ནས་ཁོ་རང་དགའ་སྤྲོ་སྐྱེས་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།