ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་མྱུར་དུ་དགྲར་འཛིན་བྱ་སྤྱོད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས16ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་གནད་དོན་གྱི་བྲེལ་མྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཕྱོགས་ཁག་གིས་མྱུར་དུ་དགྲར་འཛིན་བྱ་སྤྱོད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཉེ་བའི་འཁྲུག་རྩོད་ནི་ལོ་འགའི་རིང་ཆེས་ཚབས་ཆེ་བ་ཞིག་ཏུ་གྱུར་ཡོད། དགྲར་འཛིན་བྱ་སྤྱོད་དེས་མི་སེམས་ལ་འཇིགས་དངངས་སྟེར་བཞིན་ཡོད་པ་དང་། སྐོར་ཐེངས་གསར་བའི་དྲག་ཤུགས་ལས་ཤི་རྨས་དང་གཏོར་བརླག རེ་ཆད་བཅས་ཀྱི་སྣང་ཚུལ་འབྱུང་བ་ཙམ་ལས་མཉམ་གནས་དང་ཞི་བདེའི་རེ་བ་སྔར་ལས་ཉག་ཕྲ་བར་མངོན་ཡོད་པས། ཁོས་འཁྲུག་རྩོད་དེ་ངེས་པར་དུ་མྱུར་དུ་མཚམས་འཇོག་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འཁྲུག་རྩོད་ལས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་བར་དུ་དྲག་ཤུགས་མཚམས་མི་ཆད་པར་བྱེད་སྲིད་པ་དང་། ཕྱོགས་གཉིས་ཀྱི་མི་དམངས་དང་ས་ཁུལ་ཧྲིལ་བོར་གནོད་འཚེ་རང་བཞིན་གྱི་མཇུག་འབྲས་བཟོ་སྲིད་སྟབས། ཕྱོགས་སོ་སོས་ངེས་པར་དུ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་བཅའ་ཁྲིམས་བརྩི་སྲུང་བྱེད་དགོས་ལ། ཆོས་ལུགས་གནས་མཆོག་གི་ད་ལྟའི་གནས་བབ་ལ་ངེས་པར་དུ་སྲུང་སྐྱོབ་དང་བརྩི་འཇོག་ཐོབ་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྐྱར་སྒྲོག་བྱས་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔར་བཞིན་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་དང་། དབུས་ཤར་གནད་དོན་གྱི་ཕྱོགས་བཞི་འདུས་པའི་རྒྱལ་སྤྱི་དང་ས་ཁོངས་ཀྱི་མཉམ་ལས་གྲོགས་པོ་དག་དང་མཉམ་དུ་འབད་བརྩོན་བྱས་ནས། ཡུན་རིང་དང་འདྲ་མཉམ་གྱི་ཞི་བདེ་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར། 

ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། གྲོས་མོལ་སླར་གསོ་བྱེད་པ་ནི་ཐར་ལམ་ཉག་ཅིག་ཡིན། གྲོས་མོལ་ལ་བརྟེན་ནས་རྒྱུན་མཐུད་རུང་བའི་ཆབ་སྲིད་ཐག་གཅོད་ཇུས་གཞི་བཀོད་ན་ད་གཟོད་ཆག་འཇིག་རང་བཞིན་གྱི་དྲག་ཤུགས་བྱ་སྤྱོད་དེ་མཚམས་བཞག་སྟེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ལ་ཞི་བདེ་བསྐྲུན་ཐུབ་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་དྲུག་ཉིན་བྲེལ་མྱུར་ཚོགས་འདུ་བསྡུས་ཏེ། ཐོག་དང་པོར་མངོན་གསལ་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཉེ་སྔོན་གྱི་ཛ་དྲག་གནས་བབ་ལ་གྲོས་བསྡུར་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།