ཀྲུང་གོ་བོད་ཀྱི་དྲ་བ།

ཨ་སེ་པེད་ཅང་གིས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུརཁང་གི་གློག་འཕྲིན་ལྟར། ཨ་སེ་པེད་ཅང་གིས་ཚེས16ཉིན་ནས་བཟུང་རང་གི་མངའ་ཁོངས་སུ་དུས་ཡུན་ཉིན་ལྔའི་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་བརྩམས། 

ཨ་སེ་པེད་ཅང་རྒྱལ་སྲུང་པུའུ་ཡིས་ཉིན་དེར་དཔོན་ཕྱོགས་དྲ་ཚིགས་སྟེང་གསལ་སྒྲོག་སྤེལ་ཏེ། དམག་མི་ཁྲི་གཅིག་དང་སྟོང་ལྔ་ལྷག་དང་། ཐན་ཁི་འཁོར་ལོ་དང་འཁྲབ་ལྡན་འཁོར་ལོ་སུམ་བརྒྱ་ལྷག མེ་སྒྱོགས་དང་འཕུར་མདའི་མ་ལག་ཆ་ཚང་བཞི་བརྒྱ་ལྷག གནམ་གྲུ་དང་མི་བསྡད་མེད་པའི་གནམ་གྲུ་ལྔ་བཅུ་ལྷག་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་ཟེར། 

ཨ་སེ་པེད་ཅང་གི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་དམག་དཔུང་གི་དམག་གྲབས་དོགས་ཟོན་མཐོར་འདེགས་དང་། དམག་སྣ་མང་བོའི་རོགས་ལས་འཐབ་འཛིང་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཆེད་དུ་ཡིན་ལ། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་གིས་ད་རུང་ཁྲིམས་འགལ་དྲག་ཆས་རྩ་འཛུགས་ཀྱི་དཀྲུགས་འཕེན་བྱ་སྤྱོད་ལ་རྒོལ་ལན་སྤྲོད་པ་དང་འཇིགས་སྐུལ་ཉེས་ཅན་ཚར་གཅོད་བྱེད་པ་སོགས་ཀྱི་རྣམ་གྲངས་སྦྱོང་བརྡར་བྱེད་རྒྱུ་རེད་ཟེར། 

དམག་དོན་སྦྱོང་བརྡར་དེ་ཚེས་ཉི་ཤུའི་ཉིན་བར་རྒྱུན་བསྲིང་རྒྱུ་རེད། ཨ་སེ་པེད་ཅང་གི་རྒྱལ་སྲུང་པུའུ་ཡིས་དམག་དོན་སྦྱོང་བརྡར་སྤེལ་སའི་བྱེ་བྲག་གི་ས་གནས་གསལ་བོར་བསྒྲགས་མེད། 

ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱའི་ལྷོ་ངོས་ཀྱི་མཐའ་མཚམས་གནས་བབ་ཡང་བསྐྱར་ཛ་དྲག་ཏུ་གྱུར་བའི་སྐབས་སུ་སྤེལ་བ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།