ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་མཱ་སི་ཡིས་དབྱི་སི་རལ་གྱི་ལཱ་མིན་གནམ་གྲུ་ཐང་གི་ཕྱོགས་སུ་མེ་ཤུགས་འཕུར་མདའ་ཆེ་གྲས་གཏོང་འཕེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས13ཉིན་ཁྱབ་སྒྲོག་བྱས་དོན། རྩ་འཛུགས་དེའི་ཁོངས་སུ་གཏོགས་པའི་དྲག་ཆས་ཚོགས་ཁག་ཁཱ་སིང་སྟོང་ཤོག་གིས་ཉིན་དེར་དབྱི་སི་རལ་གྱི་ཆེས་ལྷོ་ངོས་ཀྱི་གྲུ་ཁའི་གྲོང་ཁྱེར་ཨེ་ལཱ་ཐི་ཉེ་འདབས་ཀྱི་ལཱ་མིན་གནམ་གྲུ་ཐང་དུ་མེ་ཤུགས་འཕུར་མདའ་ཆེ་གྲས་གཏོང་འཕེན་བྱས་ཡོད་ཟེར། 

ཧཱ་མཱ་སི་ཡིས་གསལ་སྒྲོག་ཅིག་ལས་ཁྱབ་སྒྲོག་བྱས་དོན། ཐེངས་འདིར་བེད་སྤྱོད་བྱས་པ་ནི་ལྗིད་ཚད་ལ་སྤྱི་རྒྱ་ཉིས་བརྒྱ་དང་ལྔ་བཅུ་ཡོད་པའི་མེ་ཤུགས་འཕུར་མདའ་ཆེ་གྲས་ཡིན་པ་དང་། ཧཱ་མཱ་སི་ཡིས་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་ཟི་ཚང་མས་དབྱི་སི་རལ་དུ་གཏོང་བའི་གནམ་གྲུ་གཏོང་བ་མྱུར་དུ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་། 

མིག་སྔར་དབྱི་སི་རལ་གྱིས་ཅཱ་ཧྲའི་མཐའ་མཚམས་ས་ཁུལ་དུ་དམག་ཤུགས་ཁ་སྣོན་བྱས་ཡོད། དབྱི་སི་རལ་དམག་དཔུང་གི་ཐན་ཁི་དང་འཐབ་འཛིང་གནམ་གྲུས་ཚེས་བཅུ་གསུམ་ཉིན་ཡང་བསྐྱར་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན་ལ་འགས་གཏོར་བཏང་བ་རེད། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འགལ་བ་ཇེ་དྲག་ཏུ་སོང་བའི་དབང་གིས་རྒྱལ་ཁབ་མང་བོའི་མཁའ་འགྲུལ་ཀུང་ཟིས་དབྱི་སི་རལ་དུ་གཏོང་བའི་གནམ་གྲུ་མཚམས་བཞག་པ་རེད། 

ཧཱ་མཱ་སི་ཡིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་ཅིག་ལས་བདེན་དཔང་བྱས་དོན། དབྱི་སི་རལ་དམག་དཔུང་གིས་ཉིན་དེའི་ཞོགས་པར་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་དྲག་པོ་བྱས་ཏེ་ཁཱ་སིང་སྟོང་ཤོག་གི་མཐོ་རིམ་བཀོད་འདོམ་དཔོན་པོ་འགའ་རྐྱེན་ལམ་དུ་ཤོར་ཟེར། 

ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་གཉིས་ཉིན་ཕཱ་ལེ་སི་ཐན་གནས་བབ་ཐད་ནས་བྲེལ་མྱུར་གྲོས་མོལ་ཐེངས་གཉིས་པ་སྤེལ། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅོན་གྱིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་མིག་སྔའི་ཕཱ་ལེ་སི་ཐན་གྱི་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། མི་སེར་དཀྱུས་མར་དམིགས་པའི་དྲག་ཤུགས་ལ་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཟེར། 

ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ལེ་ཏི་ལི་ཨང་གིས་ཚེས་བཅུ་གཉིས་ཉིན་བསྟན་དོན། ཧྥ་རན་སི་ཡིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་སོ་སོས་རང་ཚོད་བཟུང་སྟེ་དཀྲུགས་འཕེན་བྱ་སྤྱོད་སྔོན་འགོག་བྱས་ནས། དྲག་ཤུགས་འཁྲུག་རྩོད་མཇུག་སྒྲིལ་དགོས་པའི་འབོད་སྐུལ་བཏང་། ཧྥ་རན་སི་ཡིས་འཇར་མན་དང་ཨེ་ཅིབ། ཅོར་ཏན་སོགས་རྒྱལ་ཁབ་དང་མཉམ་དུ་ཕྱོགས་སོ་སོའི་གྲོས་མོལ་སླར་གསོ་བྱེད་པར་འབད་འབུངས་བྱེད་བཞིན་ཡོད་ལ། རྒྱལ་སྤྱིའི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱི་སྒྲོམ་གཞིའི་ནང་འཁྲུག་རྩོད་ཐག་གཅོད་བྱེད་ཆེད་དྲང་བདེན་ཡུན་རིང་གི་ཇུས་གཞི་འཚོལ་ཞིབ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།