ཀྲུང་གོ་བོད་ཀྱི་དྲ་བ།

པད་ཏིན་གྱིས་ཟླ་དྲུག་པར་ཡོ་རོབ་གླིང་དུ་མཚམས་འདྲི་བྱེད་སྐབས་ཕུའུ་ཅིན་དང་ཐུག་འཕྲད་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་པད་ཏིན་གྱིས་ཚེས་བཞི་ཉིན་བསྟན་དོན། ཟླ་དྲུག་པར་ཡོ་རོབ་གླིང་དུ་མཚམས་འདྲི་བྱེད་སྐབས་ཕུའུ་ཅིན་དང་ཐུག་འཕྲད་བྱེད་འདོད་ཡོད་ཟེར།  

ཉིན་དེར་པད་ཏིན་གྱིས་ཕོ་བྲང་དཀར་པོ་ནས་པྲོག་གསར་གློ་ཚད་ལ་ཁ་གཏད་འཇལ་བ་དང་རིམས་ནད་འགོག་སྨན་གསར་སྤེལ་ལས་གཞི་སོགས་ཀྱི་ཐད་ནས་གཏམ་བཤད་སྤེལ་བ་དང་། གཏམ་བཤད་མཇུག་སྒྲིལ་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་པད་ཏིན་གྱིས་ཡོ་རོབ་གླིང་དུ་མཚམས་འདྲི་བྱེད་སྐབས་ཕུའུ་ཅིན་དང་ཐུག་འཕྲད་བྱེད་འདོད་ཡོད་པ་དང་། མིག་སྔར་ཨ་མེ་རི་ཁས་དོན་དེའི་སྐོར་ལ་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།

པད་ཏིན་ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་དབྱིན་ཇི་རུ་བསྡུ་རྒྱུ་ཡིན་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་དེའི་རྗེས་སུ་པི་ལི་ཧྲིའི་པུའུ་ལུའུ་སེར་རུ་བསྡུ་རྒྱུ་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྒྱུ་རེད། འདི་ནི་ད་ལོའི་ཟླ་དང་པོར་ཁོས་ཙུང་ཐུང་གི་འགན་བཞེས་པ་ནས་བཟུང་ཕྱི་ཕྱོགས་ལ་མཚམས་འདྲིར་འགྲོ་ཐེངས་དང་པོ་རེད།

པད་ཏིན་གྱིས་དེ་སྔོན་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་བསྟན་དོན། ཁོས་ད་ལོའི་དབྱར་ཁར་ཡོ་རོབ་གླིང་གི་མཐོ་རིམ་གྲོས་ཚོགས་སྐབས་སུ་ཕུའུ་ཅིན་དང་ཐུག་འཕྲད་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བར་གྲོས་བསྡུར་བྱེད་པའི་གྲོས་མགོ་བཏོན་པ་ཡིན་ཟེར། ཨུ་རུ་སིའི་ཙུང་ཐུང་གི་ལག་རོགས་པ་ཝུའུ་ཧྲ་ཁོ་ཧྥོ་ཡིས་ཟླ་དེའི་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཕུའུ་ཅིན་དང་པད་ཏིན་གྱིས་ཟླ་དྲུག་པའི་ནང་དུ་མཇལ་འཕྲལ་གནང་སྲིད་ཟེར།

ཨ་མེ་རུ་ཁ་དང་ཨུ་རུ་སིའི་འབྲེལ་བ་ལོ་འདི་དག་གི་རིང་ལ་རྒྱུད་མཐུད་ངང་ཛ་དྲག་གི་རྣམ་པར་གནས་ཡོད་ལ། པད་ཏིན་སྲིད་གཞུང་གིས་སྲིད་བཟུང་རྗེས་ཕྱོགས་གཉིས་ཀྱི་དམག་དོན་ཚོད་འཛིན་ཁྱབ་ཁོངས་སོགས་ཀྱི་ཐད་ནས་ཚད་ཡོད་མཉམ་འབྲེལ་མངོན་འགྱུར་བྱུང་མོད། འོན་ཀྱང་ཝུའུ་ཁི་ལན་དང་དྲ་རྒྱའི་བདེ་འཇགས། འགྲོ་མིའི་ཐོབ་ཐང་། འདེམ་བསྐོའི་ཐེ་གཏོགས་སོགས་ཀྱི་གནད་དོན་ཐད་ནས་འགལ་བ་མངོན་གསལ་དང་གདོང་ཐུག་སྔར་བཞིན་ཛ་དྲག་ཡིན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།