ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་འདྲ་མཉམ་མིན་པའི་སྣང་ཚུལ་སེལ་ནས་ཉིས་སྟོང་སུམ་ཅུ་ལོའི་ཨེ་ཙི་ནད་མེད་པར་གཏོང་བའི་དམིགས་འབེན་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་སྤེལ་བའི་སྙན་ཞུ་ཞིག་ལས་བཤད་རྒྱུར། འདྲ་མཉམ་མིན་པའི་སྣང་ཚུལ་ལས་མིའི་རིགས་ཀྱིས་ཉིས་སྟོང་སུམ་ཅུ་ལོའི་སྔོན་ལ་ཨེ་ཙི་ནད་མེད་པར་གཏོང་བའི་དམིགས་འབེན་ལ་བཀག་རྒྱ་བཟོ་བཞིན་ཡོད་པས། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འདྲ་མཉམ་མིན་པའི་སྣང་ཚུལ་སེལ་ནས་ཉིས་སྟོང་སུམ་ཅུ་ལོའི་ཨེ་ཙི་ནད་མེད་པར་གཏོང་བའི་དམིགས་འབེན་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་། 

སྙན་ཞུ་དེ་ལྟར་ན། ཉིས་སྟོང་བཅུ་དགུ་ལོར་འཛམ་གླིང་ཡོངས་སུ་ཨེ་ཙི་ནད་འགོས་པའི་ནད་པ་ས་ཡ་གཅིག་དང་འབུམ་བདུན་ཇེ་མང་དུ་སོང་ཡོད་པ་དང་། ཨེ་ཙི་ནད་དང་འབྲེལ་བའི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་འབུམ་དྲུག་དང་ཁྲི་དགུར་བསླེབ་ཡོད་ལ། ཉིས་སྟོང་བཅུ་དྲུག་ལོར་གཏན་འབེབས་བྱས་པའི་ཉིས་སྟོང་ཉི་ཤུ་ལོར་འབུམ་ལྔ་གཉིས་ཀྱི་དམིགས་འབེན་ལས་རིང་དུ་བརྒལ་ཡོད། ཨེ་ཙི་ནད་འགོག་བཅོས་བྱེད་པར་ས་ཁུལ་རེ་འགའི་མི་ཚོགས་ཁྲོད་གྲུབ་འབྲས་ཆེན་པོ་བླངས་ཡོད་ཀྱང་། ས་ཁུལ་ལ་ལར་སྣང་ཚུལ་མི་ལེགས་པ་ཡོད་ལ། ཨེ་ཙི་ནད་འགོག་བཅོས་ཁྱབ་ཁོངས་ཀྱི་འདྲ་མཉམ་མིན་པའི་སྣང་ཚུལ་ནི་སྤྱིའི་དམིགས་འབེན་དུ་བསླེབ་དཀའ་བའི་རྒྱུ་རྐྱེན་གཙོ་བོ་རེད། འདྲ་མཉམ་མིན་པའི་རྒྱུ་རྐྱེན་དེ་ཕོ་མོ་དང་། ལོ་ཚོད། མི་རིགས། ཡོང་འབབ་ཆུ་ཚད། ནད་པའི་ཐོབ་ཐང་སོགས་ལ་འབྲེལ་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་སྙན་ཞུ་ལས་གྲོས་གཞི་བཅུ་བཏོན་ཡོད། དེའི་ནང་ཨེ་ཙི་ནད་ཀྱི་འགོག་བཅོས་བྱ་བར་བཀག་རྒྱ་བཟོ་བའི་འདྲ་མཉམ་མིན་པའི་སྣང་ཚུལ་ཇེ་ཉུང་དུ་གཏོང་བ་དང་། ཨེ་ཙི་ནད་སྔོན་འགོག་བྱེད་པ་གནད་སར་བཟུང་སྟེ། ཉིས་སྟོང་ཉེར་ལྔ་ལོའི་བར་ནད་འགོའི་ཉེན་ཁ་ཡོད་པའི་མི་ཚོགས་ཁྲོད་ཀྱི་བརྒྱ་ཆའི་གོ་ལྔར་ཕན་ནུས་ལྡན་པའི་སྔོན་འགོག་ཡོ་བྱད་ཐོབ་པར་བྱེད་དགོས། ཞིབ་བཤེར་དང་གསོ་བཅོས། དུག་སེལ་ཚོད་འཛིན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཨ་མས་བུས་ཕྲུག་ལ་འགོ་བར་བྱེད་པ་དང་བྱིས་པའི་ནད་འགོ་མེད་པར་བཟོ་དགོས། ཕོ་མོ་འདྲ་མཉམ་དང་བུད་མེད་དང་བུ་མོ་ལོ་ཆུང་གི་ཁེ་དབང་དེ་ཨེ་ཙི་ནད་འགོག་བཅོས་ཀྱི་གོ་གནས་གཙོ་བོར་འཇོག་དགོས། རོགས་སྐྱོར་ལ་ཤུགས་སྣོན་བྱས་ཏེ། ཉིས་སྟོང་ཉེར་ལྔ་ལོའི་བར་ཡོང་འབབ་དམའ་བ་དང་ཡོང་འབབ་འབྲིང་གི་རྒྱལ་ཁབ་ཀྱི་ལོ་རེའི་ཨེ་ཙི་ནད་ཀྱི་འགོག་བཅོས་བྱ་བའི་ཐད་ཀྱི་དངུལ་གཏོང་དེ་མེ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་དགུར་ཇེ་མང་དུ་གཏོང་བར་འགན་སྲུང་བྱེད་དགོས་པ་བཅས་འདུས།

སྙན་ཞུ་ལས་བལྟས་ན། པྲོག་གསར་གློ་ཚད་རིམས་ནད་ལས་ཨེ་ཙི་ནད་ཀྱི་འགོག་བཅོས་བྱ་བར་གནོད་པ་བཟོས་ཀྱང་། པྲོག་གསར་གློ་ཚད་རིམས་ནད་དེ་ཨེ་ཙི་ནད་ཀྱི་འགོག་བཅོས་དམིགས་འབེན་ཡོངས་འགྲུབ་བྱེད་ཐབས་མེད་པའི་ཁ་གཡོར་སར་བྱེད་མི་རུང་ལ། དེ་ལས་ལྡོག་སྟེ་པྲོག་གསར་གློ་ཚད་རིམས་ནད་ལས་རྒྱལ་ཁབ་སོ་སོས་ངེས་པར་དུ་འགོ་ནད་ཀྱི་སྔོན་འགོག་དང་ཐག་གཅོད་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་གཏོང་དགོས་པའི་གསལ་འདེབས་ཡང་ཡང་བྱེད་དགོས་པར་འདོད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་ཉིས་སྟོང་བཅུ་དྲུག་ལོའི་ཟླ་དྲུག་པར་གྲོས་མཐུན་བཀོད་པའི་ཨེ་ཙི་ནད་ཀྱི་གནད་དོན་དང་འབྲེལ་བའི་ཆབ་སྲིད་བསྒྲགས་གཏམ་ལས། མཉམ་དུ་ཨེ་ཙི་ནད་ཀྱི་འགོག་བཅོས་ལ་ཤུགས་སྣོན་བྱས་ཏེ། ཉིས་སྟོང་ཉི་ཤུ་ལོའི་བར་བྱེ་བྲག་གི་དམིགས་འབེན་རབ་དང་རིམ་པ་མངོན་འགྱུར་བྱེད་རྒྱུ་དང་། ཉིས་སྟོང་སུམ་ཅུ་ལོའི་བར་ཨེ་ཙི་ནད་ཡོངས་སུ་མཇུག་སྒྲིལ་བར་བྱེད་རྒྱུ་ཁས་ལེན་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།