ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་དུ་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ལུའུ་ཀི་ཨར་ཞིང་ཆེན་གྱི་དཔོན་རིགས་ཀྱིས་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་བཤད་རྒྱུར། ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཕུའུ་ལེ་ཨ་ལཱ་མུའུ་ནས་ཉིན་དེའི་དགོང་མོར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་དྲུག་ཅུ་ལྷག་ལ་རྨས་ཕོག་ཡོད་ཟེར། 

ལུའུ་ཀི་ཨར་ཞིང་ཆེན་གྲོས་ཁང་གི་ཀྲུའུ་ཞི་སི་ཐཱ་ནེ་ཁི་ཀྲ་དབྱེ་ཡིས་བཤད་རྒྱུར། ཚེས་སུམ་ཅུ་ཉིན་གྱི་དགོང་མོའི་དུས་ཚོད་བདུན་དང་སྐར་མ་དྲུག་སྟེང་། འགད་རྫས་དྲུད་པའི་རླངས་འཁོར་ཞིག་ཕུའུ་ལེ་ཨ་ལཱ་མུའུ་ཡི་མགྲོན་ཁང་ཞིག་གི་ཉེ་འདབས་ནས་འགས་གཏོར་བཏང་བ་དང་། དོན་རྐྱེན་བྱུང་སྐབས་གཟའ་འཁོར་རྗེས་མའི་སློབ་ཆེན་གྱི་རྒྱུགས་ལ་ཞུགས་རྩིས་ཡོད་པའི་སློབ་མ་མང་བོ་དང་བདེ་འཇགས་དམག་དཔུང་གི་ཁོངས་མི་རེ་འགའ་མགྲོན་ཁང་དེར་བསྡད་ཡོད། འགས་གཏོར་ལས་ཉུང་མཐར་ཡང་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ཅུ་ལྷག་ལ་རྨས་ཕོག མགྲོན་ཁང་དེར་རྡིབས་སྐྱོན་བྱུང་ཡོད་ལ། ཉེ་འདབས་ཀྱི་སྨན་ཁང་ཞིག་གི་ཁང་བར་ཡང་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ཟེར། 

ཨ་ཧྥུའུ་ཧན་སྤྱི་བའི་འཕྲོད་བསྟེན་པུའུ་ཡི་མགྲིན་ཚབ་པ་ནཱ་ཀྲ་ལི་ཡིས་བཤད་རྒྱུར། ཨ་ཧྥུའུ་ཧན་སྲིད་གཞུང་གིས་རྒྱལ་ས་ཁཱ་པོར་ནས་མྱུར་སྐྱོབ་རླངས་འཁོར་བཅུ་ཕྲག་འགའ་སྤྱི་ལེ་དྲུག་ཅུའི་ཕྱི་རོལ་དུ་ཡོད་པའི་ཕུའུ་ལེ་ཨ་ལཱ་མུའུ་རུ་མངག་ནས་རོགས་སྐྱོར་བྱེད་དུ་བཅུག་ཡོད་ཟེར། 

མིང་བཤད་མི་འདོད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མི་མང་བོའི་རྨས་སྐྱོན་ཚབས་ཆེན་ཡིན་པས་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འགས་གཏོར་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།