ཀྲུང་གོ་བོད་ཀྱི་དྲ་བ།

ཨར་པཱ་ནི་ཡཱ་ཡིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨར་པཱ་ནི་ཡཱ་ཡིས་ཚེས་ཉེར་ལྔ་ཉིན་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། འདེམ་ཤོག་འཕངས་ཏེ་གྲོས་མི་བརྒྱ་དང་བཞི་བཅུ་འདེམས་རྒྱུ་རེད། 

སྐབས་འདིའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་གཙོ་བོ་བསྟུད་མར་འགན་ཡུན་གཉིས་ལག་བསྟར་བྱས་པའི་སྤྱི་ཚོགས་ཏང་དང་ངོ་རྒོལ་ཏང་ཁག་གཙོ་བོ་དམངས་གཙོ་ཏང་གི་བར་ནས་སྤེལ་བ་རེད། 

ཨར་པཱ་ནི་ཡཱའི་རྒྱལ་ཡོངས་སུ་བསྡོམས་པས་འདེམ་ཤོག་འཕེན་ས་སྟོང་ལྔ་དང་བརྒྱ་དང་གོ་དགུ་བཀོད་སྒྲིག་བྱས་ཡོད་པ་དང་། ཕྱི་རྒྱལ་གྱི་འདེམ་དམངས་འདུས་པའི་ཚད་ལྡན་འདེམས་དམངས་ས་ཡ་གསུམ་དང་འབུམ་ལྔ་ཁྲི་བརྒྱད་ལྷག་ཡོད། འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཞོགས་པའི་དུས་ཚོད་བདུན་ནས་མགོ་བརྩམས་པ་དང་དགོང་མོའི་དུས་ཚོད་བདུན་ལ་མཇུག་སྒྲིལ། འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་བྱེད་པའི་དུས་ཚོད་དེ་འདེམ་ཤོག་རྩིས་ལེན་བྱེད་པའི་མྱུར་ཚད་ལས་རག་ལས་ཡོད། 

ཨར་པཱ་ནི་ཡཱའི་སྲིད་གཞུང་གི་འབྲེལ་ཡོད་གཏན་འཁེལ་ལྟར་ན། ཨར་པཱ་ནི་ཡཱའི་རྒྱལ་ཡོངས་སུ་བསྡོམས་པས་སྤྱི་དམངས་ཁྲི་གཉིས་དང་སྟོང་གསུམ་ལྷག་པྲོག་གསར་ནད་དུག་འགོས་པའི་དབང་གིས་རང་ཁྱིམ་དུ་བཀག་སྡོམ་བྱས་ཡོད་ལ། འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་མི་རུང་། 

ཨར་པཱ་ནི་ཡཱ་རུ་ཉེ་སྔོན་ཉིན་རེའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་ཇེ་ཉུང་དུ་སོང་ནས་བརྒྱའི་མན་ལ་བསླེབ་ཡོད་ཀྱང་། སྲིད་གཞུང་གིས་སྔར་བཞིན་འདེམ་དམངས་དག་གིས་འདེམ་ཤོག་འཕེན་སྐབས་རིམས་འགོག་གཏན་འཁེལ་བརྩི་སྲུང་ནན་མོ་བྱེད་དགོས་པ་དང་། ཁ་ཐུམ་བརྒྱབ་ནས་བདེ་འཇགས་ཀྱི་བར་ཐག་སྲུང་འཛིན་བྱེད་དགོས་པའི་རེ་བ་བཏོན་ཡོད། 

ཨར་པཱ་ནི་ཡཱའི་གྲོས་ཁང་ནི་རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་ཤུགས་ལས་ཁུངས་དང་ཁྲིམས་འཛུགས་ལས་ཁུངས་ཡིན་པ་དང་། བསྡོམས་པས་གྲོས་མིའི་ལས་གནས་བརྒྱ་དང་བཞི་བཅུ་ཡོད་ལ་འགན་ཡུན་ལོ་ངོ་བཞི་ཡིན་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།