ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཙུང་ཐུང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་ཉེར་གཅིག་ཉིན་ནེ་ཀིའི་གྲོས་ཚོགས་སྟེང་བསྟན་དོན། དབྱི་ལིང་གིས་ཉིས་སྟོང་བཅོ་ལྔ་ལོར་བཀོད་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་དེ་ལག་བསྟར་ནན་མོ་བྱེད་པར་རེ་ཡོད་ལ། ཡིག་འབྲུ་གཅིག་གི་ཆད་ལྷག་ཀྱང་ཤོར་མི་རུང་ཟེར། 

ལུའུ་ཧཱ་ནེ་ཡིས་བཤད་རྒྱུར། དབྱི་ལིང་ལ་པར་གཞི་གཞན་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དགོས་འདོད་མེད་ཟེར། ལུའུ་ཧཱ་ནེ་ཡིས་རྣམ་འགྱུར་དེ་འདྲ་བསྟན་པའི་རྒྱུ་མཚན་ནི་ཨ་མེ་རི་ཁའི་རྒྱལ་ནང་དུ་ཨ་མེ་རི་ཁའི་སྲིད་གཞུང་གིས་སྐོར་ཐེངས་གསར་བའི་གྲོས་མོལ་ལ་བརྟེན་ནས་དབྱི་ལིང་གི་འཕུར་མདའི་ལས་གཞི་དང་དབྱི་ལིང་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ཀྱང་གྲོས་མཐུན་ནང་འཇོག་དགོས་པའི་རེ་བ་འདོན་བཞིན་ཡོད་པར་དམིགས་པ་རེད། 

ལུའུ་ཧཱ་ནེ་ཡིས་བཤད་རྒྱུར། དབྱི་ལིང་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཆིངས་ཡིག་སླར་གསོའི་གནད་དོན་ལ་དམིགས་ཏེ་སྐོར་ཐེངས་འདིའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ལས་རིམ་གསུམ་གཏན་འཁེལ་གསལ་བོ་བྱེད་དགོས་ཏེ། གཅིག་ནས་ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་དགོས་པ་དང་། གཉིས་ནས་དབྱི་ལིང་གིས་བཀག་སྡོམ་མེད་པར་བཏང་བའི་གནས་ཚུལ་དཔྱད་ཞིབ་བྱེད་དགོས། གསུམ་ནས་དབྱི་ལིང་གིས་ཆིངས་ཡིག་ཆ་ཚང་བར་ལག་བསྟར་བྱེད་དགོས་ཟེར། 

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་སྐོར་ཐེངས་གསར་བའི་ཆབ་སྲིད་ཟི་ཀྲང་རིམ་པའི་གྲོས་ཚོགས་ཚེས་ཉི་ཤུ་ཉིན་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་མུ་མཐུད་དུ་སྤེལ། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཨ་ལཱ་ཀི་ཞེ་ཡིས་གྲོས་ཚོགས་གྲོལ་རྗེས་བསྟན་དོན། དཀའ་ཁག་ཡོད་ཀྱང་གྲོས་མོལ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།