ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་ནས་འགྲུལ་སྐྱེལ་རླངས་འཁོར་གཉིས་ཐོ་བརྒྱབ་སྟེ་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཕཱ་ཁི་སི་ཐན་ལྷོ་ཕྱོགས་ཀྱི་ཞིན་ཏི་ཞིང་ཆེན་དུ་ཚེས་ཉེར་གཅིག་ཉིན་འགྲུལ་སྐྱེལ་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ཤུ་ཉི་ལྷག་ལ་རྨས་ཕོག་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཚེས་ཉེར་གཅིག་ཉིན་གྱི་ཉིན་གུང་། ཞིན་ཏི་ཞིང་ཆེན་གྱི་ཧེ་ཨར་པུའུ་ཨར་ས་ཁུལ་གྱི་གཞུང་ལམ་ཞིག་གི་སྟེང་། འགྲུལ་སྐྱེལ་རླངས་འཁོར་གཉིས་ཐོ་བརྒྱབ་པ་རེད། དོན་རྐྱེན་བྱུང་རྗེས་ཉེན་རྟོག་པ་དང་རྒུད་སྐྱོབ་མི་སྣ་མྱུར་མོར་ཡུལ་དངོས་སུ་འབྱོར་ནས་རྒུད་སྐྱོབ་བྱ་འགུལ་སྤེལ་བ་དང་། འདས་པོའི་བེམ་པོ་དང་རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ། འདས་པོའི་གྲས་སུ་བུད་མེད་དང་བྱིས་པ་འདུས་པ་དང་། རྨས་མ་མང་བོའི་རྨས་སྐྱོན་ཚབས་ཆེན་རེད་ཟེར། 

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་གཅིག་གི་ཁ་ལོ་བའི་རྣམ་རིག་གཞན་ལ་ཤོར་ནས་མཉམ་འཇོག་མ་བྱས་པར་དོན་རྐྱེན་དེ་བྱུང་བ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།