ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་བྱང་ཕྱོགས་གྲུ་གཟིངས་རུ་ཁག་གིས་གླིང་སྣེ་བྱང་མ་ས་ཁུལ་དུ་གཞི་རྒྱ་ཆེ་བའི་དམག་རིགས་འདྲེས་མའི་དམག་དོན་སྦྱོང་བརྡར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་བྱང་ཕྱོགས་གྲུ་གཟིངས་རུ་ཁག་གིས་ཚེས་བཅུ་དགུ་ཉིན་གླིང་སྣེ་བྱང་མ་ས་ཁུལ་ནས་གཞི་རྒྱ་ཆེ་བའི་དམག་རིགས་འདྲེས་མའི་དམག་དོན་སྦྱོང་བརྡར་སྤེལ། ཉིན་དེར་བྱང་ཕྱོགས་གྲུ་གཟིངས་རུ་ཁག་གི་འཐབ་འཛིང་གནམ་གྲུས་པཱ་ལོན་ཀྲི་མཚོ་ཁོངས་ཀྱི་བར་སྣང་ནས་ཨ་མེ་རི་ཁ་དང་ནོར་ཝེའི་དམག་དོན་གནམ་གྲུ་བཀག་ནས་མཉམ་འཕུར་བྱས་པ་རེད། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་བྱང་ཕྱོགས་གྲུ་གཟིངས་རུ་ཁག་གིས་ཉིན་དེར་མཚོ་དམག་གི་སྤྱི་ཁྱབ་དམག་སྤྱི་ཡེ་ཧྥུའུ་མཱེ་ནོའུ་ཧྥུའུ་ཡི་བཀོད་འདོམ་འོག་གཞི་རྒྱ་ཆེ་བའི་དམག་རིགས་འདྲེས་མའི་དམག་དོན་སྦྱོང་བརྡར་སྤེལ། ཉིང་རྡུལ་ནུས་པའི་ཆུ་འཛུལ་གྲུ་གཟིངས་དང་རྒྱུན་སྲོལ་ཆུ་འཛུལ་གྲུ་གཟིངས། འཕུར་མདའི་གྲུ་གཟིངས་རུ་ཁག མཁའ་དམག་དང་མཁའ་སྲུང་དམག་དཔུང་གི་དམིགས་བསལ་སྒྲིག་ཆས་སོགས་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། སྦྱོང་བརྡར་གྱི་རྣམ་གྲངས་ལ་དམག་གྲུ་དང་ཆུ་འཛུལ་གྲུ་གཟིངས་ཀྱི་བཀོད་སྒྲིག དམག་དཔུང་གི་གཅིག་འདུས། དམག་ཤུགས་མངག་གཏོང་སོགས་འདུས། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་གཙོ་བོ་ནི་ཨུ་རུ་སིའི་གླིང་སྣེ་བྱང་མ་ས་ཁུལ་གྱི་དཔལ་འབྱོར་སྒྲིག་ཆས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། ས་ཁུལ་དེའི་མཚོ་ཁོངས་སུ་རྒུད་སྐྱོབ་འགུལ་སྐྱོད་སྤེལ་བ་དང་འབྱུང་སྲིད་པའི་ཉམས་ཉེན་ཐག་གཅོད་བྱེད་པ། དེ་མིན་ཨུ་རུ་སིའི་གླིང་སྣེ་བྱང་མའི་མཚོ་ཐོག་སྐྱེལ་འདྲེན་ལམ་ཐིག་ལ་འགེབས་སྲུང་བྱེད་པ་བཅས་ཀྱི་ཆེད་དུ་རེད་ཟེར། 

གཞན་ཡང་ཨུ་རུ་སིའི་རྒྱལ་སྲུང་པུའུ་རྒྱལ་ཁབ་འགོག་སྲུང་དོ་དམ་ལྟེ་གནས་ཀྱིས་ཚེས་བཅུ་དགུ་ཉིན་བསྒྲགས་པ་ལྟར་ན། བྱང་ཕྱོགས་གྲུ་གཟིངས་རུ་ཁག་ལ་གཏོགས་པའི་མཁའ་སྲུང་དམག་དཔུང་གིས་པཱ་ལོན་ཀྲི་མཚོ་ཁོངས་ཀྱི་བར་སྣང་ནས་ཨུ་རུ་སིའི་རྒྱལ་མཚམས་སུ་འཕུར་ཡོང་རྩིས་བྱེད་པའི་ཨ་མེ་རི་ཁ་དང་ནོར་ཝེའི་མྱུལ་ཞིབ་གནམ་གྲུ་གཉིས་མཐོང་བ་དང་། བྱང་ཆིངས་གྲུ་གཟིངས་རུ་ཁག་གི་མུས་ཀི-31རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་གིས་དེ་མ་ཐག་གནམ་གྲུ་དེ་གཉིས་བཀག་ནས་མཉམ་འཕུར་བྱས། ཨུ་རུ་སིའི་འཐབ་འཛིང་གནམ་གྲུ་འཕུར་སྐྱོད་བྱེད་སྐབས་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་ནན་མོ་བྱས་པ་དང་། ཨ་མེ་རི་ཁ་དང་ནོར་ཝེའི་དམག་དོན་གནམ་གྲུས་ཁ་ཕྱོགས་བསྒྱུར་ནས་ཨུ་རུ་སིའི་རྒྱལ་མཚམས་དང་རིང་དུ་གྱེས་རྗེས། ཨུ་རུ་སིའི་འཐབ་འཛིང་གནམ་གྲུ་དེ་བདེ་འཇགས་ངང་ཕྱིར་རྟེན་གཞིར་ལོག་ཡོད་ཟེར། 

ཨ་མེ་རི་ཁ་གཙོ་བྱས་པའི་བྱང་ཆིངས་རྩ་འཛུགས་ཀྱི་གནམ་གྲུ་རྒྱུན་དུ་ཨུ་རུ་སིའི་རྒྱལ་མཚམས་ཉེ་འདབས་སུ་འཕུར་ཡོང་ནས་མྱུལ་ཞིབ་བྱ་འགུལ་སྤེལ་བཞིན་ཡོད་ལ། ཨུ་རུ་སི་ཡིས་ནམ་རྒྱུན་དོན་དེར་ངོ་རྒོལ་བྱེད་བཞིན་ཡོད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།