ཀྲུང་གོ་བོད་ཀྱི་དྲ་བ།

ཙེམ་པབ་ཝེའི་ཙུང་ཐུང་གིས་རང་བཙན་ཉིན་མོར་ཞུ་ཚིག་ཕུལ་ཏེ་ཀྲུང་གོའི་རིམས་འགོག་རོགས་སྐྱོར་ལ་བཀའ་དྲིན་ཞུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཟླ8པའི་ཚེས18ན། ཙེམ་པབ་ཝེའི་རྒྱལ་ས་ཧཱ་ལཱ་ལོས་སུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས། ཙེམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་ཡིས་རང་བཙན་བྱས་ནས་ལོ་ངོ་ཞེ་གཅིག་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་མཛད་སྒོའི་སྟེང་གཏམ་བཤད། 

ཙེམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་ཡིས་ཚེས་བཅོ་བརྒྱད་ཉིན་ཙེམ་པབ་ཝེ་རང་བཙན་བྱས་ནས་ལོ་ངོ་ཞེ་གཅིག་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་མཛད་སྒོའི་སྟེང་བསྟན་དོན། ཀྲུང་གོ་སོགས་མཛའ་མཐུན་རྒྱལ་ཁབ་ཀྱིས་ཙེམ་པབ་ཝེ་ལ་རིམས་འགོག་དངོས་རྫས་དང་འགོག་སྨན་གྱི་རོགས་སྐྱོར་བྱས་ཏེ། ཙེམ་པབ་ཝེའི་རིམས་འགོག་དང་དཔལ་འབྱོར་དང་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད་ཟེར། 

མུའུ་ནན་ཅཱ་ཀུའུ་ཝ་ཡིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་རྒྱལ་སྲུང་དམག་དཔུང་ལ་དམག་གཟིགས་བྱས་པར་མ་ཟད་བརྙན་རིས་གཏམ་བཤད་སྤེལ་ཏེ། ཙེམ་པབ་ཝེའི་མི་དམངས་ཀྱིས་རིམས་ནད་འགོག་བཅོས་བྱེད་པར་རིན་དོད་ཆེན་པོ་བཏང་ཡོད་ཀྱང་། རིམས་ནད་ཀྱི་འཐབ་རྩོད་ཁྲོད་དུ་སྔར་ལས་སྟོབས་ལྡན་དུ་གྱུར་ཡོད་ཟེར། མུའུ་ནན་ཅཱ་ཀུའུ་ཝ་ཡིས་རིམས་འགོག་གི་ལས་ཡུལ་དང་པོར་འབད་འཐབ་བྱེད་པའི་ལས་བྱེད་མི་སྣར་གུས་འདུད་ཞུས། ཁོས་ད་རུང་མང་ཚོགས་དག་གིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱག་ནས་མྱུར་དུ་མང་ཚོགས་ལ་ནད་འགོག་ནུས་པ་ཆགས་པར་བྱེད་དགོས་པའི་འབོད་སྐུལ་བཏང་། 

མུའུ་ནན་ཅཱ་ཀུའུ་ཝ་ཡིས་བསྟན་དོན། སྲིད་གཞུང་གིས་གཏན་འབེབས་བྱས་པའི་འཕེལ་རྒྱས་འཐབ་ཇུས་ཀྱི་མཛུབ་སྟོན་འོག ཙེམ་པབ་ཝེའི་ཞིང་ལས་དང་གཏེར་འདོན་ཐོན་ལས། བཟོ་སྐྲུན་ལས་རིགས་སོགས་འཐབ་ཇུས་རང་བཞིན་གྱི་ལས་རིགས་མྱུར་མོར་སླར་གསོ་འབྱུང་བཞིན་ཡོད། དེའི་ཞོར་དུ་སྲིད་གཞུང་གིས་དཔལ་འབྱོར་གྱི་རིམ་འཕར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བཟོ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་བྱེད་བཞིན་ཡོད་ཟེར། ཙེམ་པབ་ཝེའི་སྲིད་གཞུང་གིས་ཧུར་ཐག་སྒོས་རྒྱལ་ཡོངས་མི་དམངས་ཀྱིས་དུས་ལྟར་ཉིས་སྟོང་སུམ་ཅུ་ལོའི་རེ་འདུན་མངོན་འགྱུར་བྱེད་རྒྱུ་ཡིན་པ་དང་། རྒྱུན་ཆད་མེད་པར་ཙེམ་པབ་ཝེའི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་བཏང་ནས་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་རྒྱུ་ཡིན་ཟེར། 

ཙེམ་པབ་ཝེ་ནི་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་ལོའི་ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན་དབྱིན་ཇིའི་མི་སེར་སྤེལ་བའི་དབང་བསྒྱུར་འོག་རང་བཙན་བྱས་པ་རེད། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་ད་ལོའི་རང་བཙན་ཉིན་མོའི་དགའ་སྟོན་བྱ་འགུལ་གྱི་གཞི་རྒྱ་ལྡབ་འགྱུར་གྱིས་ཇེ་ཆུང་དུ་བཏང་ཡོད་པ་དང་། ལྟད་མོ་བ་ཡུལ་དངོས་སུ་ཡོང་དུ་མ་བཅུག་པར་བརྙན་འཕྲིན་ཐད་གཏོང་གི་ཐབས་ཀྱིས་རྒྱལ་ཡོངས་ལ་བསྟན་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།