ཁུ་པཱ་ཡིས་བྱེད་ཐབས་བཏོན་ནས་ཟས་རིགས་དཀོན་པའི་གནས་བབ་ལེགས་བཅོས་བྱ་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུ་པཱ་སྲིད་གཞུང་གིས་ཚེས་བཅུ་བཞི་ཉིན་བྱེ་བྲག་གི་བྱེད་ཐབས་གསར་བ་མང་བོར་བརྟེན་ནས་རྒྱལ་ནང་གི་ཟས་རིགས་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ་དང་། མིག་སྔའི་ཟས་རིགས་དཀོན་པའི་གནས་བབ་ལེགས་བཅོས་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

ཁུ་པཱའི་ཙུང་ལི་གཞོན་པ་ཧྥུན་སེ་ཁཱ་ཡིས་ཉིན་དེར་རྒྱང་སྒྲོག་བརྙན་འཕྲིན་གྱི་ལེ་ཚན་ཞིག་ལས་བསྟན་དོན། ཁུ་པཱའི་ཞིང་ཕྱུགས་ལས་འཕེལ་རྒྱས་ཐད་མིག་སྔར་གྲུབ་ཚུལ་དང་རྩ་འཛུགས། ཐོན་སྐྱེད་སོགས་ཀྱི་གནད་དོན་ཡོད་པ་དང་། གསར་དུ་བཏོན་པའི་བྱེད་ཐབས་ཀྱིས་འབྲེལ་ཡོད་བཀག་རྒྱ་གཙང་སེལ་བྱས་ནས་ཟས་རིགས་ཐོན་སྐྱེད་ནུས་པ་མཐོར་འདེགས་བྱེད་ཐུབ་ཟེར། 

ཁུ་པཱའི་ནོར་སྲིད་བློན་ཆེན་པའོ་ལཱ་ནེ་ཨོ་སི་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། བྱེད་ཐབས་གསར་བར་གཙོ་བོ་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ཐད་ཀྱི་ཆུ་གློག་གི་རིན་གོང་ཇེ་དམའ་རུ་གཏོང་བ་དང་། ཞིང་བས་སྲིད་གཞུང་གི་འབྲེལ་ཡོད་ཉོ་བསྡུའི་དམིགས་ཚད་ཡོངས་འགྲུབ་བྱས་རྗེས་རང་དབང་གིས་ཐོན་རྫས་སྐོར་ཞིག་ཕྱིར་འཚོང་བྱེད་པར་ཆོག་མཆན་འགོད་པ། ཞིང་ལས་ཡིད་རྟོན་དངུལ་བུན་གྱི་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་སོགས་འདུས། 

ཁུ་པཱའི་བརྒྱ་ཆའི་བརྒྱད་ཅུའི་ཟས་རིགས་ནང་འདྲེན་བྱེད་བཞིན་ཡོད་པ་དང་། སྲིད་གཞུང་གིས་ལོ་རེར་མེ་སྒོར་ཐེར་འབུམ་གཉིས་ཙམ་ཟས་རིགས་ནང་འདྲེན་ཐད་བཀོལ་བཞིན་ཡོད། རིམས་ནད་འགོག་བཅོས་དང་ཨ་མེ་རི་ཁའི་བཀག་སྡོམ་ལས་བྱུང་བའི་གནོན་ཤུགས་ཐག་གཅོད་བྱེད་ཆེད། ཁུ་པཱ་སྲིད་གཞུང་གིས་ན་ནིང་ཟླ་བདུན་པར་སྤྱི་ཚོགས་དང་དཔལ་འབྱོར་གྱི་འཐབ་ཇུས་ཤིག་ལ་གྲོས་འཆམ་བྱུང་། དེའི་ནང་ཧུར་ཐག་སྒོས་ཟས་རིགས་རང་མཁོ་རང་འདོན་བྱེད་པ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའང་འདུས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།