ཨུ་རུ་སི་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ལ་གྲོས་བསྡུར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་གསུམ་ཉིན་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་རེ་འགར་གྲོས་བསྡུར་བྱས། 

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་བཅུ་གསུམ་ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཐེངས་འདིའི་གྲོས་མོལ་ནི་ཨ་མེ་རི་ཁ་ཕྱོགས་ཀྱི་གྲོས་གཞི་ལྟར་སྤེལ་དགོས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ད་ལྟའི་གནས་ཚུལ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་རེ་འགར་གྲོས་བསྡུར་ཞིབ་ཏུ་བྱས་པ་དང་། འཛམ་གླིང་ཡོངས་ཀྱི་བདེ་འཇགས་ལ་འབྲེལ་བའི་གྲོས་གཞི་གལ་ཆེན་ཐད་ནས་གྲོས་མོལ་སྲུང་འཛིན་བྱས་ཡོད་ལ། དེ་ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་ལ་འཚམ་པར་མ་ཟད་འཛམ་གླིང་ཡོངས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། པེད་ཏིན་གྱིས་ཁ་པར་གཏོང་སྐབས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཨུ་རུ་སིའི་རྒྱུན་ལྡན་འབྲེལ་བ་མངོན་འགྱུར་བྱེད་འདོད་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་འཐབ་ཇུས་གཏན་འཇགས་སྲུང་སྐྱོབ་དང་དམག་དོན་ཚོད་འཛིན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན། ཨ་ཧྥུའུ་ཧན་གྱི་གནས་བབ། འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་པ་སོགས་གནད་དོན་ཐད་ནས་ཨུ་རུ་སི་ཕྱོགས་བར་གཏན་འཇགས་དང་སྔོན་དཔག་ཐུབ་པའི་རོགས་ལས་འབྲེལ་བ་འཛུགས་འདོད་ཟེར། ཕྱོགས་གཉིས་ཀྱིས་ད་རུང་ཝུའུ་ཁི་ལན་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཕུའུ་ཅིན་གྱིས་མེན་སི་ཁིའི་གྲོས་མཐུན་གཞིར་བཟུང་ནས་ཆབ་སྲིད་ལ་བརྟེན་ཏེ་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པའི་ལངས་ཕྱོགས་རྒྱས་བཤད་བྱས། 

གཞན་ཡང་ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། པེད་ཏིན་གྱིས་ཁ་པར་གཏོང་སྐབས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་ཁས་ལེན་དམ་བཅའ་བྱས་ཡོད་པ་ནན་བཤད་བྱས་པ་དང་། ཨུ་རུ་སི་ཡིས་ཁི་ལི་མུས་ཡཱ་དང་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་གྱི་དམག་དོན་གཅིག་བསྡུས་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན། ཨུ་རུ་སི་ཕྱོགས་ཀྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་། པེད་ཏིན་གྱིས་ད་རུང་བསྟན་དོན། ཨུ་རུ་སིའི་དྲ་རྒྱའི་བཙན་འཛུལ་དང་འདེམ་བསྐོའི་བྱ་འགུལ་ལ་ཐེ་གཏོགས་བྱེད་པ་སོགས་ཀྱི་ཐད་ནས་ཨ་མེ་རི་ཁས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་གང་ལེགས་བྱེད་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས། ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་ཉིང་རྡུལ་མཚོན་ཆ་ཚོད་འཛིན་བྱེད་པའི་ཆིངས་ཡིག་གསར་བའི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་བའི་རྨང་གཞིའི་སྟེང་དམག་དོན་ཚོད་འཛིན་དང་གསར་དར་བདེ་འཇགས་གྲོས་གཞི་རབ་དང་རིམ་པའི་ཐད་ནས་འཐབ་ཇུས་གཏན་འཇགས་ཀྱི་གྲོས་མོལ་སྤེལ་བའི་རེ་འདུན་འདུས། པེད་ཏིན་གྱིས་བསྟན་དོན། དེའི་དམིགས་འབེན་ནི་ཨ་མེ་རི་ཁ་ཕྱོགས་ཀྱི་ཁེ་ཕན་ལ་འཚམ་པའི་གཏན་འཇགས་དང་སྔོན་དཔག་ཐུབ་པའི་ཨ་མེ་རི་ཁ་དང་ཨུ་རུ་སིའི་འབྲེལ་བ་འཛུགས་པའི་ཆེད་ཡིན་ལ། ཁོས་ད་རུང་མ་འོངས་པའི་ཟླ་ངོ་འགའི་ནང་ཕུའུ་ཅིན་དང་མཉམ་དུ་རྒྱལ་ཁབ་གསུམ་པར་མཐོ་རིམ་གྲོས་ཚོགས་སྤེལ་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་གྲོས་བསྡུར་བྱེད་པའི་གྲོས་གཞི་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།