ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་རོགས་སྐྱོར་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཁ་མཱའེ་ལུང་དུ་འབྱོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་སྲིད་གཞུང་གིས་ཁ་མཱའེ་ལུང་ལ་རོགས་སྐྱོར་བྱས་པའི་རྒྱལ་སྨན་སྡེ་ཚོགས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་སྐོར་དང་པོ་དེ་ཚེས11ཉིན་ཁ་མཱའེ་ལུང་གི་རྒྱལ་ས་ཡ་ཝིན་ཏི་ལ་འབྱོར། འདི་ནི་ཁ་མཱའེ་ལུང་དུ་རིམས་ནད་བྱུང་རྗེས་འགོག་སྨན་ནང་འདྲེན་བྱས་པ་ཐོག་མ་ཡིན། 

ཁ་མཱའེ་ལུང་གི་ཙུང་ལི་ཨིན་ཀུའུ་ཐི་དང་འབྲེལ་ཡོད་པུའུ་ཨུའི་པུའུ་ཀྲང་དང་ས་གནས་སྲིད་གཞུང་གི་དཔོན་པོ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་རྣམས་གནམ་གྲུ་འབབ་ཚིགས་སུ་ཕེབས་ནས་བསུ་མ་བྱས། ཁ་མཱའེ་ལུང་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ཝང་དབྱིན་ཝུའུ་དང་ཁ་མཱའེ་ལུང་སྤྱི་བའི་འཕྲོད་བསྟེན་པུའུ་ཀྲང་མཱ་ན་ཝུའུ་ཏ་ཡིས་སོ་སོར་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་ཚབ་བྱས་ཏེ་རིམས་ནད་འགོག་སྨན་རོགས་སྐྱོར་རྩིས་སྤྲོད་དཔང་ཡིག་སྟེང་མིང་རྟགས་བཀོད།

ཝང་དབྱིན་ཝུའུ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཀྲུང་གོའི་རིམས་ནད་འགོག་སྨན་ནི་བདེ་འཇགས་དང་ནུས་ལྡན་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ཡིད་ཆེས་ཐོབ་ཡོད་ལ། ཁ་མཱའེ་ལུང་གི་རིམས་འགོག་དམག་འཐབ་ཁྲོད་རོགས་སྐྱོར་ནུས་ལྡན་བྱེད་ཐུབ་པར་ཡིད་ཆེས་ཡོད། ཀྲུང་གོས་ཁ་བཤད་དོན་ལ་གནས་ཐུབ་པ་དང་། ཧུར་བརྩོན་གྱིས་འཛམ་གླིང་གི་རིམས་འགོག་ཚོད་འཛིན་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དྲང་སྙོམས་ཀྱིས་བགོ་སྤྲོད་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད། ད་ལོ་ནི་ཀྲུང་གོ་དང་ཁ་མཱའེ་ལུང་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པའི་ལོ་ཡིན་ལ། ཀྲུང་གོས་ཁ་མཱའེ་ལུང་དང་མཉམ་དུ་སྤྱི་བའི་འཕྲོད་བསྟེན་ཚུད་པའི་ཁྱབ་ཁོངས་སོ་སོ་ཁྲོད་མུ་མཐུད་དུ་བརྗེ་རེས་གཏིང་ཟབ་བྱེད་འདོད་ཡོད་ཞེས་བསྟན།

ཨིན་ཀུའུ་ཐི་ཡིས་བསྟན་དོན། ཁ་མཱའེ་ལུང་གིས་ལྷག་བསམ་རྣམ་དག་གིས་ཀྲུང་གོས་འདོན་སྤྲོད་བྱས་པའི་རིམས་འགོག་སྨན་ཁབ་ལ་བཀའ་དྲིན་ཞུ་བཞིན་ཡོད་པ་མ་ཟད་གཟེངས་བསྟོད་ཚད་མེད་གནང་གིན་ཡོད། འདི་ནི་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་འབྲེལ་བའི་མཚོན་ཚུལ་ཞིག་ཡིན་ཟེར། འགོག་སྨན་ནི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་རྒྱལ་བའི་བྱེད་ཐབས་ཆེས་བཟང་པོ་དེ་ཡིན་པས། ཁོའི་འགོག་སྨན་རྒྱག་པར་གྲ་སྒྲིག་གང་ལེགས་བྱས་ཡོད། ཨིན་ཀུའུ་ཐི་ཡིས་བཤད་རྒྱུར། ཁ་མཱའེ་ལུང་སྲིད་གཞུང་གིས་མྱུར་ཏུ་རྒྱལ་ཡོངས་ལ་རིམས་ནད་འགོག་སྨན་བགོ་སྤྲོད་བྱེད་རྒྱུ་ཡིན་པ་དང་། སྨན་བཅོས་མི་སྣར་སྔོན་ལ་འགོག་སྨན་རྒྱུ་ཡིན་ཟེར།

ཁ་མཱའེ་ལུང་གིས་འཆར་གཞི་ལྟར་ན་ཟླ3པར་ཨ་སི་ལི་ཁང་གི་པྲོག་གསར་འགོག་སྨན་སྐོར་ཞིག་ནང་འདྲེན་བྱེད་རྩིས་ཡོད་པ་དང་། རྗེས་སུ་འགོག་སྨན་འདིའི་བདེ་འཇགས་རང་བཞིན་ལ་རྩོད་གཞི་ཡོད་པས་འཆར་གཞི་འདི་མཚམས་བཞག་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།