ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་ནུབ་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་མངའ་སྡེ་རུ་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བརྒྱ་དང་སོ་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། སུའུ་ཏན་ནུབ་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་མངའ་སྡེའི་མགོ་བ་ཏའོ་མཱ་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཉེ་སྔོན་མངའ་སྡེ་དེའི་ལྟེ་གནས་གྲོང་ཁྱེར་ཀྲུའུ་ནེ་ནཱ་ས་ཁུལ་དུ་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བརྒྱ་དང་སོ་གཉིས་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ཏའོ་མཱ་ཡིས་ཉིན་དེར་སུའུ་ཏན་གྱི་རྒྱལ་ས་ཁཱ་ཐུའུ་མུའུ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་སྙན་ཞུ་ལྟར་ན། ཐེངས་འདིའི་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་ལས་མི་བརྒྱ་དང་སོ་གཉིས་རྐྱེན་ལམ་དུ་ཤོར་ཡོད། མིག་སྔར་ཀྲུའུ་ནེ་ནཱ་གྲོང་ཁྱེར་གྱི་གནས་བབ་ཞི་འཇགས་སུ་སོང་ཡོད་ཀྱང་། གྲོང་ཁྱེར་ཉེ་འདབས་སུ་སྔར་བཞིན་འཕྲོག་བཅོམ་གྱི་བྱ་སྤྱོད་རེ་འགའ་འབྱུང་བཞིན་ཡོད་ཟེར། 

ཏའོ་མཱ་ཡིས་བཤད་རྒྱུར། མི་སེར་དཀྱུས་མར་འཇབ་རྒོལ་བྱས་པའི་དྲག་ཆས་མི་སྣ་དག་ནི་ཀྲུའུ་ནེ་ནཱ་མཁར་ཕྱིའི་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་དང་འབྲེལ་བའི་རྒྱལ་ཁབ་རེ་འགའ་ནས་ཡོང་བ་རེད། མངའ་ཁོངས་བརྒལ་བའི་དྲག་ཆས་མི་སྣ་སྐོར་ཞིག་ནི་ཀྲ་ཏི་དང་ལི་པུ་ཡཱ་ནས་ཡོང་བ་ཡིན་ལ། ཁོ་ཚོ་འབྲེལ་ཡོད་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཀྱིས་ཅི་ཡང་མི་ཤེས་པའི་གནས་ཚུལ་འོག་སུའུ་ཏན་དུ་ཡོང་བ་རེད་ཟེར། 

ཀྲུའུ་ནེ་ནཱ་ས་ཁུལ་དུ་ཚེས་གསུམ་ཉིན་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་བྱུང་བ་དང་། ཚེས་བཞི་ཉིན་སྔར་ལས་ཚབས་ཆེན་དུ་གྱུར། སུའུ་ཏན་བདེ་འཇགས་དང་འཕྲོད་བསྟེན་འགོག་སྲུང་ཨུ་ཡོན་ལྷན་ཁང་གིས་ཚེས་ལྔ་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། ནུབ་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་མངའ་སྡེ་ནས་དོགས་ཟོན་མཐོར་འདེགས་བྱས་ཡོད་པར་མ་ཟད། ཚད་ལྡན་དམག་དཔུང་གིས་དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱོད་དེ་ས་ཁུལ་དེའི་དྲག་ཆས་འཁྲུག་རྩོད་མཇུག་སྒྲིལ་བའི་དབང་ཆ་བསྩལ་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།