ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱི་གྲོས་ཚོགས་ཝེ་ཡེ་ནཱ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

འདི་ནི་ཟླ་བཞི་བའི་ཚེས་དྲུག་ཉིན་ཨོ་སི་ཁྲུ་རི་ཡཱའི་ཝེ་ཡེ་ནཱ་ནས་པར་བླངས་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱི་གྲོས་ཚོགས་ཀྱི་ཚོགས་རའི་ཕྱིའི་རྣམ་པ། 

2.jpg

ཟླ་བཞི་བའི་ཚེས་དྲུག་ཉིན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཨ་ལཱ་ཀི་ཞེ་སོགས་ཨོ་སི་ཁྲུ་རི་ཡཱའི་ཝེ་ཡེ་ནཱའི་ཚོགས་རར་འབྱོར་བ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱི་གྲོས་ཚོགས་ཚེས་དྲུག་ཉིན་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་སྤེལ་བ་དང་། ཨ་མེ་རི་ཁ་དང་དབྱི་ལིང་གིས་ཆིངས་ཡིག་སླར་གསོ་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས། གྲོས་ཚོགས་གྲོལ་རྗེས་ཕྱོགས་མང་བོས་གྲོས་ཚོགས་དེར་འཛུགས་སྐྲུན་རང་བཞིན་ལྡན་པ་རེད་ཟེར། 

ཉིན་དེའི་ཕྱི་དྲོར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་སྤྱི་ཁྱབ་ཟི་ཀྲང་རིམ་པའི་གྲོས་ཚོགས་ཝེ་ཡེ་ནཱའི་མགྲོན་ཁང་ཆེན་མོ་ནས་སྤེལ། གྲོས་ཚོགས་ལ་ཡོ་རོབ་གླིང་མནའ་འབྲེལ་ཕྱི་ཕྱོགས་འགུལ་སྐྱོད་ལས་དོན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་མའོ་ལཱ་ཡིས་མགོ་འཛིན་བྱས་པ་དང་། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཨ་ལཱ་ཀི་ཞེ་དང་ཨུ་རུ་སི། དབྱིན་ཇི། ཧྥ་རན་སི། འཇར་མན་བཅས་ཀྱི་འབྲེལ་ཡོད་དཔོན་པོ་གྲོས་ཚོགས་ལ་ཞུགས། ཝེ་ཡེ་ནཱ་རུ་སྡོད་པའི་ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་ཝང་ཆོན་ཡང་གྲོས་ཚོགས་ལ་ཞུགས། 

བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་གི་དབྱི་ལིང་ལས་དོན་གྱི་ཆེད་མངག་ཕོ་ཉ་མཱ་ལེ་ཡིས་ཀྱང་འཐུས་ཚབ་ཚོགས་པ་ཁྲིད་དེ་ཝེ་ཡེ་ནཱ་རུ་འབྱོར་ཡོད་ཀྱང་། ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་ཡོད་པ་དང་། དབྱི་ལིང་ཕྱོགས་ཀྱིས་ཨ་མེ་རི་ཁའི་བར་ཐད་ཀར་གྲོས་མོལ་བྱེད་པར་ཁས་ལེན་མ་བྱས་པས། ཨ་མེ་རི་ཁ་ཕྱོགས་ཀྱི་འཐུས་མི་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་མེད། ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་མི་དག་གིས་འདུམ་འགྲིག་པའི་ཚུལ་དུ་ཕྱོགས་སོ་སོའི་བར་གྲོས་མོལ་བྱས་པ་དང་། དེ་ནས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཨ་མེ་རི་ཁ་དང་དབྱི་ལིང་གི་བསྡུ་ལེན་བྱས་ཡོད། 

མའོ་ལཱ་ཡིས་ཚེས་དྲུག་ཉིན་གྱི་དགོང་མོར་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ལ་འཛུགས་སྐྲུན་རང་བཞིན་ལྡན་པ་དང་། ཚོགས་ཞུགས་མཁན་གྱི་རེ་འདུན་གཅིག་མཚུངས་ཡིན་ལ་དམིགས་འབེན་རླབས་ཆེན་རེད། ཚང་མས་མཉམ་འབྲེལ་གྱི་ཕྱི་འབྲེལ་འཕེལ་རིམ་བཏོད་པར་རེ་བ་བཅངས་ཡོད་པར་མ་ཟད། ཆེད་མཁས་ཚན་ཆུང་གཉིས་ཀྱིས་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་དང་དབྱི་ལིང་གི་བཀག་སྡོམ་ལས་དོན་མེད་པར་གཏོང་བར་འགན་ཁུར་དགོས་ཟེར། མའོ་ལཱ་ཡིས་བཤད་རྒྱུར། འདུམ་འགྲིག་པ་ཡིན་པའི་ཆ་ནས་ཁོས་མུ་མཐུད་དུ་ཨ་མེ་རི་ཁ་དང་བཅས་པའི་འབྲེལ་ཡོད་ཕྱོགས་སོ་སོའི་བར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། 

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ལཱ་ཀི་ཞེ་ཡིས་གྲོས་ཚོགས་སྟེང་བསྟན་དོན། ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་བ་ནི་ཨ་མེ་རི་ཁ་ཡང་བསྐྱར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་པའི་ཆེས་དགོས་གལ་ཆེ་བའི་ལས་རིམ་ཞིག་ཡིན། དབྱི་ལིང་གིས་བཀག་སྡོམ་བྱེད་ཐབས་མེད་པར་བཏང་རྗེས། མྱུར་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཁ་ཚང་ལག་བསྟར་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་ལའེ་སི་ཡིས་ཚེས་དྲུག་ཉིན་རྒྱུན་སྲོལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཐེངས་འདིར་དབྱི་ལིང་བར་ཐད་ཀར་གྲོས་མོལ་བྱེད་མ་ཐུབ་ཀྱང་། གྲོས་ཚོགས་དེར་སྔར་བཞིན་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་ཟེར། ཁོས་ད་རུང་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལིང་གིས་བཏོན་པའི་ཨ་མེ་རི་ཁས་ཐོག་མར་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ཚང་མ་མེད་པར་གཏོང་བའི་ལངས་ཕྱོགས་དང་ལེན་མི་བྱེད་ཀྱང་། དབྱི་ལིང་བར་ཐད་ཀར་གྲོས་མོལ་བྱེད་པའི་རྣམ་འགྱུར་བཟུང་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།