ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་ནུབ་བྱང་ས་ཁུལ་དུ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་གཉིས་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་སི་ཝ་པུས་ས་ཁུལ་དུ་ཚེས་བཞི་ཉིན་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཁྲིམས་ཁང་གི་ཁྲིམས་དཔོན་དང་དེའི་ལྕམ་མོ། དེའི་བྱིས་པ་གཉིས་བཅས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གཉིས་ལ་རྨས་ཕོག་ཡོད་ཟེར། 

ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱི་མིང་བཤད་མི་འདོད་པའི་མི་སྣ་ཞིག་གིས་བཤད་རྒྱུར། ཁྲིམས་དཔོན་དེ་དང་ཁྱིམ་མི་དག་གིས་སྐབས་ཐོག་དེར་རླངས་འཁོར་བསྐོར་ནས་རྒྱལ་ས་དབྱི་སི་ལན་པའོ་རུ་འགྲོ་བཞིན་ཡོད་ཅིང་། རླངས་འཁོར་དེ་སི་ཝ་པུས་ས་ཁུལ་དུ་བགྲོད་སྐབས་ཐོབ་ཐང་གསལ་བོར་མི་ཤེས་པའི་འཇབ་རྒོལ་མཁན་མང་བོས་མེ་མདས་བརྒྱབ་སྟེ། མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། བདེ་སྲུང་མི་སྣ་གཅིག་དང་ཁ་ལོ་བར་རྨས་ཕོག རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

བསྒྲགས་ལྟར་ན། ཁྲིམས་དཔོན་དེས་ཁའེ་པའོ་ཨར་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཁྲིམས་ཁང་ཞིག་ཏུ་བྱ་བ་བྱེད་བཞིན་ཡོད་པ་རེད། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 

ཕཱ་ཁི་སི་ཐན་གྱི་ཙུང་ལི་དབྱེ་མུའུ་ལན་ཧན་གྱིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། འཇབ་རྒོལ་བྱེད་མཁན་གྱི་ཉེས་ཅན་ཁྲིམས་ལ་སྦྱོར་དགོས་པའི་ཚུལ་བསྟན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།