ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་ཚོགས་གཟའ་འཁོར་རྗེས་མར་ཝེ་ཡེ་ནཱ་ནས་བསྡུ་རྒྱུ་རེད།

    སྤེལ་དུས། : 2021-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་འབྲེལ་ཡོད་ཕྱོགས་ཁག་སོ་སོའི་འཐུས་མིས་ཚེས་གཉིས་ཉིན་བརྙན་རིས་གྲོས་ཚོགས་བསྡུས། ཡོ་རོབ་གླིང་མནའ་འབྲེལ་ཕྱི་ཕྱོགས་འགུལ་སྐྱོད་ལས་དོན་ཁང་གིས་གྲོས་ཚོགས་གྲོལ་རྗེས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་སོ་སོའི་འཐུས་མིས་གཟའ་འཁོར་རྗེས་མར་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་མུ་མཐུད་དུ་གྲོས་ཚོགས་བསྡུ་རྒྱུ་ཐག་བཅད་པ་དང་། སྐབས་ཐོག་དེར་ཨ་མེ་རི་ཁས་ཡོ་རོབ་གླིང་དང་ཨུ་རུ་སི། ཀྲུང་གོ་བཅས་ཀྱི་འཐུས་མི་དང་གྲོས་མོལ་བྱེད་རྒྱུ་རེད། 

གསལ་སྒྲོག་ལས་བཤད་རྒྱུར། བརྙན་རིས་གྲོས་ཚོགས་དེར་ཡོ་རོབ་གླིང་མནའ་འབྲེལ་ཕྱི་ཕྱོགས་འགུལ་སྐྱོད་ལས་དོན་ཁང་གི་དཔོན་པོས་མགོ་འཛིན་བྱས་ཤིང་། ཀྲུང་གོ་དང་ཧྥ་རན་སི། འཇར་མན། ཨུ་རུ་སི། དབྱིན་ཇི། དབྱི་ལིང་བཅས་ནས་ཡོང་བའི་མཐོ་རིམ་འཐུས་མིས་ཨ་མེ་རི་ཁ་ཡང་བསྐྱར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་སྲིད་པར་ངེས་ཤེས་སྐྱེས་ཡོད་པ་དང་། མཇུག་འབྲས་དེ་འབྱུང་བར་མཉམ་དུ་འབད་བརྩོན་བྱེད་རྒྱུ་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། གཟའ་འཁོར་རྗེས་མར་ཝེ་ཡེ་ནཱ་ནས་སྤེལ་རྒྱུ་ཡིན་པའི་གྲོས་ཚོགས་ནས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་བ་དང་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་པའི་ཐད་ནས་སྤྱོད་དགོས་པའི་བྱེད་ཐབས་སྔར་ལས་གསལ་བོ་བྱེད་དགོས་པ་དང་། སྐབས་ཐོག་དེར་མཐུན་སྦྱོར་བས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་དང་ཨ་མེ་རི་ཁའི་འཐུས་མི་བཅས་ལ་སོ་སོར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། 

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་བསྟན་དོན། གཟའ་འཁོར་རྗེས་མའི་གྲོས་ཚོགས་སྟེང་། དབྱི་ལིང་གིས་འཆར་གཞི་ཡོད་པའི་སྒོ་ནས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ཚང་མ་མེད་པར་གཏོང་བར་འབད་འབུངས་བྱེད་རྒྱུ་ཡིན་ཟེར། ཀྲ་ལི་ཧྥུའུ་ཡིས་བཤད་རྒྱུར། དབྱི་ལིང་དང་ཨ་མེ་རི་ཁའི་འཐུས་མིས་གརོས་མོལ་བྱེད་མི་སྲིད་པ་དང་། རྒྱུ་མཚན་ནི་གྲོས་མོལ་བྱེད་པའི་དགོས་པ་མེད་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་ལའེ་སི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་གཟའ་འཁོར་རྗེས་མར་ཡོ་རོབ་གླིང་དང་ཨུ་རུ་སི། ཀྲུང་གོ་བཅས་ཀྱི་འཐུས་མི་དང་མཉམ་དུ་ཨོ་སི་ཁྲུ་རི་ཡཱ་ནས་གྲོས་མོལ་བྱས་ནས། གཙོ་བོ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཡང་བསྐྱར་བརྩི་སྲུང་བྱེད་པའི་གནད་དོན་དང་། དབྱི་ལིང་གིས་སྤྱོད་དགོས་པའི་ལས་རིམ། ཨ་མེ་རི་ཁའི་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་བའི་ལས་རིམ་བཅས་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། ཕུའུ་ལའེ་སི་ཡིས་ཚོད་དཔག་བྱས་ན་ཨ་མེ་རི་ཁ་དང་དབྱི་ལིང་གིས་བརྒྱུད་རིམ་དེའི་ཁྲོས་ཐད་ཀར་གྲོས་མོལ་བྱེད་མི་སྲིད་ཟེར། 

འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་མཱ་སི་ཡིས་གྲོས་ཚོགས་གྲོལ་རྗེས་བཤད་རྒྱུར། འབྲེལ་ཡོད་ཕྱོགས་སོ་སོས་བལྟས་ན་ཕྱོགས་ཡོངས་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་པར་ཡང་བསྐྱར་འབད་བརྩོན་བྱེད་པ་ནི་འཕྲིན་བཟང་ཞིག་རེད། བརྩི་འཇོག་གང་ལེགས་བྱེད་པའི་གྲོས་མཐུན་ཞིག་ནི་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་ཕན་ཐོགས་ཡོད་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་གྲོས་ཚོགས་གྲོལ་རྗེས་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་སོ་སོས་ནུས་པ་གང་ཡོད་བཏོན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་ཐོག་མར་གཏན་འཁེལ་བྱས་པའི་སྒྲོམ་གཞི་མྱུར་དུ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།