སོ་ཏི་ཨ་རབ་ཀྱིས་ཡེ་མིན་གྱི་ཞི་བདེའི་གྲོས་གཞི་བཏོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་གྱིས་ཚེས་ཉེར་གཉིས་ཉིན་ལེ་ཡཱ་ཏི་ནས་ཁྱབ་སྒྲོག་བྱས་དོན། སོ་ཏི་ཨ་རབ་ཀྱིས་ཡེ་མིན་གྱི་ཞི་བདེའི་གྲོས་གཞི་ཞིག་བཏོན་ནས་ཡེ་མིན་གྱི་ཉམས་ཉེན་མཇུག་སྒྲིལ་དུ་འཇུག་རྒྱུ་ཡིན་པར་བཤད་པ་དང་། ཡེ་མིན་མཉམ་འབྲེལ་སྲིད་གཞུང་གིས་གྲོས་གཞི་དེར་དགའ་བསུ་བྱས། 

ཧྥེ་སཱ་ཨར་གྱིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་སོ་ཏི་ཨ་རབ་ཀྱི་འབྲེལ་ཡོད་ཕྱོགས་ཀྱིས་ཡེ་མིན་གྱི་ཉམས་ཉེན་མཇུག་སྒྲིལ་བའི་ཞི་བདེའི་གྲོས་གཞི་ཁྱབ་བསྒྲགས་བྱས། དེའི་ནང་དོན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་རྟོག་འོག་ཡེ་མིན་མངའ་ཁོངས་ཀྱི་འཁྲུག་རྩོད་ཕྱོགས་ཡོངས་ནས་མཚམས་འཇོག་པ་དང་། ཡེ་མིན་གྱི་རྒྱལ་ས་སཱ་ནཱའི་རྒྱལ་སྤྱིའི་གནམ་གྲུ་ཐང་ཡང་བསྐྱར་སྒོ་འབྱེད་བྱེད་པ། གྲུ་གཟིངས་དང་དངོས་ཟོང་སོགས་ཧི་ཐེ་ཏཱ་གྲུ་ཁར་འགྲོ་འོང་བྱས་ཆོག་པ། ཡེ་མིན་གྱི་ཕྱོགས་ཁག་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགོ་འཛིན་འོག་ཆབ་སྲིད་ལ་བརྟེན་ནས་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཇུས་གཞི་འགོད་པར་གྲོས་མོལ་བྱེད་པ་སོགས་འདུས་ཟེར། 

ཧྥེ་སཱ་ཨར་གྱིས་བཤད་རྒྱུར། གྲོས་གཞི་དེའི་དམིགས་ཡུལ་ནི་ཡེ་མིན་གྱི་མི་ཆོས་རིང་ལུགས་དང་དཔལ་འབྱོར་ཉམས་ཉེན་ཐག་གཅོད་བྱེད་པ་དང་། ཡེ་མིན་མི་དམངས་ཀྱི་དཀའ་སྡུག་མཇུག་སྒྲིལ་དུ་འཇུག་པའི་ཆེད་ཡིན་ཟེར། ཁོས་ཡེ་མིན་མཉམ་འབྲེལ་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་གྲོས་གཞི་དེ་དང་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཧྥེ་སཱ་ཨར་གྱིས་ད་རུང་ཧུའུ་སེ་དྲག་ཆས་པས་སོ་ཏི་ཨ་རབ་མངའ་ཁོངས་ཀྱི་རྡོ་སྣུམ་སྒྲིག་ཆས་དང་མི་སེར་དཀྱུས་མའི་དམིགས་འབེན་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་བཟོས་པར་རྒོལ་གཏམ་བཏང་བ་དང་། སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་མུ་མཐུད་དུ་ཡེ་མིན་གྱི་ཙུང་ཐུང་ཧཱ་ཏིས་ཀྱི་མགོ་ཁྲིད་པའི་མཉམ་འབྲེལ་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན། 

ཡེ་མིན་མཉམ་འབྲེལ་སྲིད་གཞུང་གི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། སོ་ཏི་ཨ་རབ་ཀྱིས་བཏོན་པའི་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པ་དང་ཡང་བསྐྱར་སཱ་ནཱའི་གནམ་གྲུ་ཐང་སྒོ་འབྱེད་བྱེད་པ། ཆབ་སྲིད་གྲོས་མོལ་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་པའི་གྲོས་གཞིར་དགའ་བསུ་ཞུས། གསལ་སྒྲོག་ལས་བཤད་རྒྱུར། གྲོས་གཞི་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡེ་མིན་གྱི་མི་ཆོས་རིང་ལུགས་ཀྱི་དཀའ་སྡུག་མཇུག་སྒྲིལ་དུ་འཇུག་པའི་འབོད་སྐུལ་ལ་ལན་བྱིན་ཡོད་པ་དང་། ཞོར་དུ་ཧུའུ་སེ་དྲག་ཆས་པའི་ཞི་བདེའི་ཐད་ཀྱི་ལྷག་བསམ་ལ་ཉམས་སད་བྱས་ཡོད་ཟེར། 

ཉིན་དེར་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལཱ་མུའུ་ཡིས་རྩ་འཛུགས་དེས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། གྲོས་གཞི་དེར་གསར་གཏོད་ཀྱི་དོན་སྙིང་ཅི་ཡང་མེད་པ་དང་། སོ་ཏི་ཨ་རབ་ཀྱིས་ངེས་པར་དུ་ཡེ་མིན་གྱི་བཀག་སྡོམ་མཚམས་འཇོག་དགོས་ཟེར། 

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་ཉིན་དེར་ཧྥེ་སཱ་ཨར་ལ་ཁ་པར་བཏང་སྟེ། ཨ་མེ་རི་ཁ་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་དམིགས་བསལ་འཐུས་མི་ཀི་ལི་ཧྥེ་སི་དང་ཨ་མེ་རི་ཁའི་སྲིད་གཞུང་གི་ཡེ་མིན་ལས་དོན་གྱི་དམིགས་བསལ་འཐུས་མི་ལོན་ཏི་ཅིན་གྱིས་ཡེ་མིན་གྱི་འཁྲུག་རྩོད་མཇུག་སྒྲིལ་བའི་ཐད་བསྒྲུབས་པའི་བྱ་བར་རྒྱབ་སྐྱོར་བྱེད་པར་གྲོས་བསྡུར་བྱས། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་གཞོན་པ་པའོ་ཐི་ཡིས་ཉིན་དེར་རྒྱུན་སྲོལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་ཡེ་མིན་མཉམ་འབྲེལ་སྲིད་གཞུང་གི་ཡེ་མིན་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་ཆབ་སྲིད་འཕེལ་རིམ་ཐད་ཀྱི་ཁས་ལེན་དམ་བཅའ་ལ་དགའ་བསུ་ཞུས། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།