ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པས་ཡོ་རོབ་གླིང་མནའ་འབྲེལ་གྱི་བཀག་སྡོམ་ལས་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་འགྲོ་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཀི་ལུའུ་ཧྲི་ཁི་ཡིས་ཚེས་ཉེར་གཉིས་ཉིན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིར་བཀག་སྡོམ་བྱས་པ་ལས་ཨུ་རུ་སི་དང་ཡོ་རོབ་གླིང་གི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་འགྲོ་ངེས་རེད་ཟེར། 

བསྒྲགས་པ་ལྟར་ན། ཀི་ལུའུ་ཧྲི་ཁི་ཡིས་ཉིན་དེར་ཨུ་རུ་སིའི་གྲོས་ཁང་ཞོལ་མ་ནས་གཏམ་བཤད་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིར་བཀག་སྡོམ་བྱས་པ་ནི་ཨུ་རུ་སིའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ཅིག་ཡིན་པ་དང་། དམིགས་ཡུལ་ནི་ཨུ་རུ་སིའི་ཁྲིམས་འཛིན་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཏོན་པའི་ཆ་རྐྱེན་དང་ལེན་བྱེད་དུ་འཇུག་པའི་ཆེད་རེད། ཡོ་རོབ་གླིང་མནའ་འབྲེལ་གྱི་བྱ་སྤྱོད་དེ་རིགས་ཀྱིས་ཨུ་རུ་སི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་བ་ཉེན་ཁའི་ཕྱོགས་སུ་འཕེལ་རྒྱས་གཏོང་སྲིད་པ་དང་། ཨུ་རུ་སི་དང་ཡོ་རོབ་གླིང་མནའ་འབྲེལ་བར་རྣམ་པ་གང་རུང་གི་རོགས་ལས་སྤེལ་བ་དེ་གནད་དོན་དུ་འགྱུར་བར་བྱེད་སྲིད་ཟེར། 

ཀི་ལུའུ་ཧྲི་ཁི་ཡིས་བཤད་རྒྱུར། ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་ཀྱི་འབྲེལ་བའང་འཇམ་འཐབ་མཇུག་སྒྲིལ་རྗེས་ཀྱི་ཆེས་ཞན་པའི་དུས་རིམ་དུ་གནས་ཡོད། བྱང་ཆིངས་རྩ་འཛུགས་ཀྱིས་བདེ་འཇགས་གནས་བབ་གསར་བར་མ་བསྟུན་པར་རང་ཉིད་ཀྱི་ཁེ་ཕན་ནས་མགོ་བརྩམས་ཏེ་འཇམ་འཐབ་ཀྱི་རིགས་ལམ་ལྟར་དུ་ཤར་ཕྱོགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་དགོས་པར་བརྗོད་ཀྱང་། དོན་དངོས་སུ་ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་བར་གྱི་རོགས་ལས་ཡོད་ཚད་མཚམས་བཞག་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།