ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་དང་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱིས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ཞིན་ཀི་ཡིས་ཚེས་ཉི་ཤུ་ཉིན་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་དང་གྲོས་མོལ་བྱས། 

ཞིན་ཀི་ཡིས་གྲོས་མོལ་བྱས་རྗེས་གསལ་སྒྲོག་སྤེལ་ཏེ། ཕྱོགས་གཉིས་ཀྱིས་དམག་དོན་མཉམ་ལས་དང་གསང་འཕྲིན་མཉམ་སྤྱོད། མཁོ་སྒྲུབ་རྒྱབ་སྐྱོར་སོགས་ཀྱི་ཐད་ནས་ཕན་འབྲས་ལྡན་པའི་གྲོས་མོལ་སྤེལ་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱ་གར་དམག་ཕྱོགས་དང་ཨ་མེ་རི་ཁའི་དམག་དཔུང་གི་རྒྱ་གར་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དམག་སྤྱི་ཁང་། ཀྲུང་དབྱང་དམག་སྤྱི་ཁང་། ཨ་ཧྥེ་རི་ཁ་གླིང་གི་དམག་སྤྱི་ཁང་བཅས་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་འཐད་པ་བྱུང་། 

ཨོ་སི་ཏེན་གྱིས་བསྟན་དོན། ཨ་མེ་རི་ཁས་རྒྱ་གར་བར་སྔོན་དཔག་རང་བཞིན་ལྡན་པའི་རྒྱལ་སྲུང་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་ཁས་ལེན་བྱས་ཡོད་ཟེར། 

ཨོ་སི་ཏེན་གྱིས་འཇར་པན་དང་ཨ་མེ་རི་ཁ་དང་། ཧན་གོ་དང་ཨ་མེ་རི་ཁའི་གྲོས་མོལ་མཇུག་སྒྲིལ་རྗེས་ཚེས་བཅུ་དགུའི་ཉིན་དྷི་ལེ་གསར་བར་འབྱོར་ནས་རྒྱ་གར་ལ་དུས་ཡུན་ཉིན་གསུམ་གྱི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། ཁོས་ཚེས་བཅུ་དགུ་ཉིན་རྒྱ་གར་གྱི་ཙུང་ལི་མའོ་ཏིས་དང་རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདོན་པ་ཏའོ་ཝ་ཨར་དང་གྲོས་མོལ་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།