ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་གིས་ཨ་མེ་རི་ཁས་ཨུ་རི་སིས་ཨ་མེ་རི་ཁའི་འདེམ་བསྐོ་ཆེན་མོར་ཐེ་གཏོགས་དང་སྐྱོན་འཛུགས་བྱས་པར་གཞི་འཛིན་ས་ཅི་ཡང་མེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་མའོ་སི་ཁི་ནས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཨ་མེ་རི་ཁས་ཨུ་རུ་སིས་ཨ་མེ་རི་ཁའི་ཉིས་སྟོང་ཉི་ཤུ་ལོའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ཆེན་མོར་ཐེ་གཏོགས་དང་སྐྱོན་འཛུགས་བྱས་པར་གཞི་འཛིན་ས་ཅི་ཡང་མེད་ལ་བདེན་དཔང་ཡང་བྱུང་མེད་ཟེར། 

ཨ་མེ་རི་ཁའི་གསང་འཕྲིན་སྡེ་ཁག་གིས་ཚེས་བཅུ་དྲུག་ཉིན་སྙན་ཞུ་སྤེལ་ཏེ། ཨུ་རུ་སི་ཡིས་ཉིས་སྟོང་ཉི་ཤུ་ལོའི་ཨ་མེ་རི་ཁའི་ཙུང་ཐུང་འདེམ་བསྐོའི་སྐབས་སུ་ཐི་ལིང་ཕུའུ་ལ་རྒྱབ་སྐྱོར་བྱས་པ་དང་། པེད་ཏིན་འགྲན་རྩོད་ཚོགས་ཁག་ལ་གནོན་ཤུགས་བྱིན་ཡོད་ཟེར། 

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་ཨ་མེ་རི་ཁའི་ཙུང་ཐུང་གི་འདེམ་སྒུག་པ་གང་རུང་གི་འགྲན་རྩོད་བྱ་འགུལ་གང་ལའང་འབྲེལ་བ་མེད་པ་དང་། ཨ་མེ་རི་ཁའི་འདེམ་བསྐོའི་བྱ་འགུལ་ཆེན་མོར་ཐེ་གཏོགས་བྱས་མེད་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་བསྟན་དོན། ཨ་མེ་རི་ཁས་ལོ་རེ་བཞིན་དུ་རིགས་དེ་མཚུངས་ཀྱི་སྐྱོན་འཛུགས་མང་དུ་བྱེད་བཞིན་ཡོད་ལ། དེ་ནི་ཨ་མེ་རི་ཁའི་གསང་འཕྲིན་སྡེ་ཁག་གིས་རང་ལ་ནུས་པ་ལྡན་པར་གསལ་འདེབས་བྱེད་པ་ཙམ་རེད་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།