ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འགྲོ་མིའི་ཐོབ་ཐང་དང་འགལ་བའི་གནད་དོན་ཚབས་ཆེན་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཞེ་དྲུག་པའི་སྟེང་། ཨུ་རུ་སི་དཀར་པོས་ཀྲུང་གོ་དང་དབྱི་ལིང་། པུ་ལུང་ཏིས། ཁྲའོ་ཞན། ནེ་ཅཱ་ལཱ་ཀྭ། ཨུ་རུ་སི། སི་རི་ཡཱ། སིང་ག་ལཱ། ཝེ་ནེ་ཙུའེ་ལཱ་བཅས་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་ཐུན་མོང་གཏམ་བཤད་སྤེལ་ནས། དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ལ་མ་ལག་ལྡན་ཞིང་འགྲོ་མིའི་ཐོབ་ཐང་དང་འགལ་བའི་བྱ་སྤྱོད་ལྡན་པར་སྐྱོན་འཛུགས་བྱས་པ་དང་། དེའི་ནང་འཁོན་འཛིན་གྱི་གཏམ་བརྗོད་དང་ནཱ་ཚོས་རིང་ལུགས་ཡག་བརྗོད། རིགས་རྒྱུད་མཐོང་ཆུང་། གནས་སྤོར་སྡོད་དམངས་དང་ཡུལ་གྱར་བ། གཞིས་གདོད་པ་སོགས་གྲངས་ཉུང་མི་ཚོགས་ཀྱི་ཁེ་དབང་ལ་གནོད་པ་བཟོས་པ། རྔམ་སྟོན་ཁྲོམ་སྐོར་མཁན་ལ་ཚད་འདས་དྲག་ཆས་བེད་སྤྱོད་བྱས་པ་སོགས་འདུས། 

ཨུ་རུ་སི་དཀར་པོས་ཐུན་མོང་གཏམ་བཤད་སྤེལ་སྐབས་བསྟན་དོན། རིམས་ནད་ཀྱི་སྐབས་སུ་དབྱིན་ཇི་དང་འཇར་མན། ཧྥ་རན་སི། ཧི་ལན། ཅེ་ཁི་སོགས་རྒྱལ་ཁབ་ཀྱི་ཉེན་རྟོག་པས་ཆུ་མདེལ་བེད་སྤྱད་དེ་ཁེ་དབང་བརྩོན་ལེན་བྱེད་པའི་མང་ཚོགས་ལ་རྒོལ་བ་དང་། རྒན་པ་སོགས་སྟོབས་ཤུགས་ཞན་པའི་མང་ཚོགས་ལ་སྲུང་སྐྱོབ་གང་ལེགས་ཐེབས་མེད་པས། ནད་ཀྱི་དབང་གིས་རྐྱེན་ལམ་དུ་ཤོར་མི་འོས་པའི་མི་མང་བོ་ཞིག་གི་ཚེ་སྲོག་ཤོར་བ་རེད་ཟེར། གཏམ་བཤད་ལས་དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དག་གིས་རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་གི་འོས་འགན་ལག་བསྟར་གང་ལེགས་བྱེད་པ་དང་། བྱེད་ཐབས་སྤྱད་དེ་མ་ལག་རང་བཞིན་ལྡན་པའི་འགྲོ་མིའི་ཐོབ་ཐང་དང་འགལ་བའི་གནད་དོན་ཐག་གཅོད་བྱེད་དགོས་ལ། མྱུར་དུ་ཕྱོགས་གཅིག་གི་བཙན་ཤེད་བྱེད་ཐབས་རྩིས་མེད་དུ་གཏོང་དགོས་ཟེར། གཏམ་བཤད་ལས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་གི་ཆེས་མཐོའི་ཆེད་དོན་པའི་གཞུང་སྒྲུབ་ཁང་དང་དམིགས་བསལ་རྐྱེན་སྲོལ་གྱིས་རྒྱལ་ཁབ་དེ་དག་གི་འགྲོ་མིའི་ཐོབ་ཐང་དང་འགལ་བའི་གནད་དོན་གྱི་ལྟ་རྟོག་ལ་ཤུགས་སྣོན་བྱེད་དགོས་པའི་རེ་བ་བཏོན། 

དེ་ལས་གཞན་ཨུ་རུ་སི་དང་ཝེ་ནེ་ཙུའེ་ལཱ། ཁྲའོ་ཞན། དབྱི་ལིང་སོགས་རྒྱལ་ཁབ་ཀྱིས་རང་རང་རྒྱལ་ཁབ་ཀྱི་གཏམ་བཤད་ཁྲོད་དུ་ནུབ་ཕྱོགས་རྒྱལ་ཁབ་དག་གི་འགྲོ་མིའི་ཐོབ་ཐང་གནད་དོན་དང་ཚད་གཞི་ཟུང་ལྡན་གྱི་བྱེད་ཐབས་ལ་སྐྱོན་བརྗོད་བྱས་པ་དང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྟེགས་བུ་གང་འདོད་དུ་བཀོལ་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཚད་བརྒལ་སྐྱོན་འཛུགས་བྱས་ཀྱང་། རང་སྟེང་གི་འགྲོ་མིའི་ཐོབ་ཐང་གི་གནད་དོན་ཚབས་ཆེན་ཐག་གཅོད་བྱེད་ཐུབ་མེད་པར་རྒོལ་གཏམ་བཏང་། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།