ཀྲུང་གོ་བོད་ཀྱི་དྲ་བ།

པེད་ཏིན་གྱིས་མེ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་དགུའི་དཔལ་འབྱོར་རོགས་སྐྱོར་འཆར་གཞིར་མིང་བཀོད།

  རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བཅུ་གཅིག་ཉིན་ཕོ་བྲང་དཀར་པོ་ནས་མེ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་དགུའི་དཔལ་འབྱོར་རོགས་སྐྱོར་འཆར་གཞིར་མིང་བཀོད། 

པེད་ཏིན་གྱིས་བསྟན་དོན། སྤྱིའི་འབོར་གྲངས་མེ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་དགུར་བསླེབས་པའི་ལོ་རྒྱུས་རང་བཞིན་གྱི་ཁྲིམས་འཛུགས་དེས་ཨ་མེ་རི་ཁའི་དཔལ་འབྱོར་སླར་གསོའི་ཐད་གཞོགས་འདེགས་ཀྱི་ནུས་པ་འདོན་སྤྲོད་བྱེད་ཐུབ་པ་དང་། ཨ་མེ་རི་ཁའི་མི་དམངས་ལ་འབད་འཐབ་ཀྱི་གོ་སྐབས་འདོན་སྤྲོད་བྱེད་ཐུབ་ཟེར། 

འཆར་གཞི་དེའི་ནང་དོན་གཙོ་བོར་གཟའ་འཁོར་རེའི་ལས་ཤོར་རྒུད་སྐྱོབ་མ་དངུལ་སྟེང་མེ་སྒོར་སུམ་བརྒྱའི་ཕན་བདེའི་རོགས་དངུལ་ཁ་སྣོན་བྱེད་པ་དང་། ལས་ཤོར་རྒུད་སྐྱོབ་ཁྱབ་ཁོངས་རྒྱ་བསྐྱེད་རྒྱུ་མ་ཟད་དུས་ཡུན་དེ་ཟླ་དགུ་བའི་ཚེས་དྲུག་ཉིན་བར་ཇེ་རིང་དུ་གཏོང་བ། ཀྲོའུ་དང་ས་གནས་སྲིད་གཞུང་ལ་མེ་སྒོར་ཁྲག་ཁྲིག་གསུམ་དང་ཐེར་ཆེན་ལྔའི་མ་དངུལ་ཁ་གསབ་བྱེད་པ། སློབ་གྲྭའི་སྒོ་ཡང་བསྐྱར་འབྱེད་པར་མེ་སྒོར་ཁྲག་ཁྲག་གཅིག་དང་ཐེར་ཆེན་བདུན་ཙམ་འདོན་སྤྲོད་བྱེད་པ་སོགས་འདུས། 

པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་ཆེད་བཏོན་པའི་བྲེལ་མྱུར་ལས་ཤོར་རྒུད་སྐྱོབ་འཆར་གཞི་དེ་ཟླ་གསུམ་པའི་ཚེས་བཅུ་བཞིའི་ཉིན་དུས་ཡུན་ལོངས་པ་ཡིན་པས། ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གཙོ་ཏང་མིས་གང་མགྱོགས་སྒོས་སྐོར་ཐེངས་གསར་བའི་རྒུད་སྐྱོབ་འཆར་གཞི་འདོན་པའི་རེ་བ་ཡོད། པེད་ཏིན་གྱིས་མེ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་དགུའི་དཔལ་འབྱོར་རོགས་སྐྱོར་འཆར་གཞི་བཏོན་པ་དང་། འཆར་གཞི་དེའི་ཐོག་མའི་པར་གཞི་ལ་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན་དམངས་གྲོས་ཁང་ནས་གྲོས་འཆམ་བྱུང་བ་རེད། ཟླ་གསུམ་པའི་ཚེས་དྲུག་ཉིན། གྲོས་ཞུགས་ཁང་གིས་བཟོ་བཅོས་བྱས་པའི་དཔལ་འབྱོར་རོགས་སྐྱོར་འཆར་གཞིར་གྲོས་འཆམ་བྱུང་། ཚེས་བཅུ་ཉིན་དམངས་གྲོས་ཁང་གིས་འཆར་གཞི་དེའི་མཇུག་མཐའི་པར་གཞིར་གྲོས་མཐུན་བཀོད། 

དབྱེ་ཞིབ་མི་སྣས་བལྟས་ན། འབོར་གྲངས་མང་བའི་དཔལ་འབྱོར་རོགས་སྐྱོར་འཆར་གཞི་དེ་ཨ་མེ་རི་ཁའི་དཔལ་འབྱོར་མྱུར་དུ་སླར་གསོ་བྱེད་པར་ཕན་ཐོགས་ཡོད་སྲིད་ཀྱང་། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་བུ་ལོན་གནོན་ཤུགས་ཇེ་ཆེར་བཏང་ཡོད་པས་ནོར་སྲིད་ཀྱི་བདེ་ཐང་ལ་ཕན་ཐོགས་མེད་པར་འདོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།