ཀྲུང་གོ་བོད་ཀྱི་དྲ་བ།

སུའེ་ཏེན་རྒྱལ་ཁབ་དུ་འཇིགས་སྐུལ་རིང་ལུགས་ཀྱི་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི8ལ་རྨས་སྐྱོན་ཐེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས3ཉིན་སུའེ་ཏེན་གྱི་ལྷོ་རྒྱུད་གྲོང་ཁྱེར་ཝུའེ་ཐེ་ལན་ཏ་རུ་འཇིགས་སྐུལ་རིང་ལུགས་ཀྱི་འཇབ་རྒོལ་གྱི་མི་གསོད་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི8ལ་རྨས་སྐྱོན་བཟོས་ཤིང་དེའི་ནང་མི་ཁག་གཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་འདུག

སུའེ་ཏན་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་བཤད་རྒྱུར། ས་གནས་དེ་གའི་དུས་ཚོད་ཚེས3ཉིན་གྱི་ཆུ་ཚོད15ཙམ་ལ་ཉེན་རྟོག་ཕྱོགས་ལ་ཉེན་བརྡ་འབྱོར་བ་དང་ཡན་ཞུའེ་ཕིང་ཞིང་ཆེན་ཝུའེ་ཐེ་ལན་ཏའི་གྲོང་ཁྱེར་ལྟེ་གནས་སུ་འཇིགས་སྐུལ་རང་བཞིན་གྱི་འཇབ་རྒོལ་དོན་རྐྱེན་འདྲ་པོ་བྱུང་། ལོ20ཡས་མས་ཀྱི་སྐྱེས་པ་ཞིག་གིས་ལག་ཏུ“མཚོན་ཆ་རྣོ་ངར་ཅན”འཁྱེར་ནས་སྔ་རྗེས་སུ་ས་གནས5རུ་མི་མང་པོར་འཇབ་རྒོལ་བྱས་ཤིང་མི་ཁག་གཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག  ཉེན་རྟོག་པས་དོན་རྐྱེན་བྱུང་སའི་ཡུལ་དངོས་ནས་ལག་དམར་འཛིན་བཟུང་བྱས་ཤིང་། ལག་དམར་འཛིན་བཟུང་ཁྲོད་ལག་དམར་ལ་རྨས་སྐྱོན་ཕོག་པས་སྨན་ཁང་དུ་བསྐྱལ་བ་རེད།

སུའེ་ཏེན་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེན་རྟོག་ཕྱོགས་ཀྱིས་ཝུའེ་ཐེ་ལན་ཏ་གྲོང་ཁྱེར་གྱི་ས་ཁུལ་མང་པོ་ཞིག་ལ་བཀག་སྡོམ་བྱས་ཏེ་ཡུལ་དངོས་ནས་དཔང་རྟགས་ལེན་བཞིན་ཡོད་པ་མ་ཟད་ལག་དམར་གྱི་ཉེས་གསོག་ཀུན་སློང་ལ་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་ལ། གཏན་འཁེལ་བྱས་ཟིན་པའི་རྨས་མ8པོ་ལས་གཞན་ས་གནས་དེ་གའི་སྨན་ཁང་གིས་ད་དུང“རྨས་རྐྱེན་མི་ཤེས་པའི་རྨས་མ”མང་པོར་སྨན་བཅོས་བྱེད་བཞིན་མཆིས།

སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ལེ་ཝུན་གྱིས་ཉིན་དེའི་དགོང་མོར་གསལ་བསྒྲགས་སྤེལ་ནས་ཝུའེ་ཐེ་ལན་ཏ་གྲོང་ཁྱེར་དུ་བྱུང་བའི་གཏུམ་སྤྱོད་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་མ་ཟད། ཁོང་གིས་སུའེ་ཏེན་སྲིད་གཞུང་གིས་ཉེན་རྟོག་ཕྱོགས་དང་རྒྱལ་ཁབ་བདེ་འཇགས་ཅུས་དང་འབྲེལ་བ་དམ་ཟབ་བྱས་ཏེ་དཔྱད་དཔོག་གནས་ཚུལ་ལ་གཞིགས་ནས་དགོས་ངེས་སྐབས་བདེ་འཇགས་ཀྱི་ཤུགས་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།