ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་ཉི་ཤུ་ལོར་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་དང་འབྲེལ་བའི་དབྱང་གཉིས་ཐཱན་འགྱུར་ཕྱིར་འདོན་གྱི་ཚད་ཇེ་དམའ་རུ་སོང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་པུའུ་ཧྥ་རན་སིའི་ཕཱ་རེ་སི་རུ་ཡོད་པའི་རྒྱལ་སྤྱིའི་ནུས་ཁུངས་འཆར་འགོད་ཁང་གིས་ཚེས་གཉིས་ཉིན་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་ཕྱིར་དྲན་ཏེ་ཉིས་སྟོང་ཉི་ཤུ་ལོའི་དབྱང་གཉིས་ཐཱན་འགྱུར་ཕྱིར་འདོན་གྱི་ཚད་ཅེས་པའི་སྙན་ཞུ་ཞིག་སྤེལ་ཏེ། འདས་པའི་ལོ་གཅིག་གི་ནང་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་དང་འབྲེལ་བའི་དབྱང་གཉིས་ཐཱན་འགྱུར་ཕྱིར་འདོན་གྱི་ཚད་བརྒྱ་ཆའི་ལྔ་དང་གྲངས་ཆུང་བརྒྱད་ཇེ་ཉུང་དུ་སོང་བ་དང་། དེ་ནི་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་ཚུན་གྱི་ལོ་རེར་ཇེ་དམའ་རུ་སོང་ཚད་ཆེས་ཆེ་བ་རེད། 

སྙན་ཞུ་ལྟར་ན། ཉིས་སྟོང་ཉི་ཤུ་ལོར་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་དང་འབྲེལ་བའི་དབྱང་གཉིས་ཐཱན་འགྱུར་གྱི་ཕྱིར་འདོན་ཚད་སྔོན་ལོ་དང་བསྡུར་ན་ཏུན་ཐེར་འབུམ་གཉིས་ཙམ་ཇེ་ཉུང་དུ་སོང་ཡོད། དེའི་ནང་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་རྡོ་སྣུམ་བེད་སྤྱོད་བྱས་པ་ལས་ཐོན་པའི་དབྱང་གཉིས་ཐཱན་འགྱུར་གྱི་ཕྱིར་འདོན་ཚད་ཏུན་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་ཇེ་ཉུང་དུ་སོང་ཡོད། 

འཛམ་གླིང་ཡོངས་ཀྱི་གློག་ཤུགས་ལས་རིགས་ཀྱི་ན་ནིང་དབྱང་གཉིས་ཐཱན་འགྱུར་ཕྱིར་འདོན་གྱི་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་གསུམ་ཇེ་ཉུང་དུ་སོང་ཡོད། ཧ་ལམ་ཏུན་དུང་ཕྱུར་བཞི་དང་བྱེ་བ་ལྔ་ཇེ་ཉུང་དུ་སོང་ཡོད་ལ། དེ་ནི་ཟིན་ཐོ་ཡོད་པའི་ཚུན་ལ་ཇེ་དམའ་རུ་སོང་བའི་ཚད་ཆེས་ཆེ་བ་རེད། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས་འཛམ་གླིང་ཡོངས་ཀྱི་གློག་ཤུགས་དགོས་མཁོ་ཇེ་ཉུང་དུ་སོང་ཡོད་པ་དང་། ཉི་འོད་ནུས་པ་དང་རླུང་ནུས་སོགས་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་གློག་འདོན་གྱི་ཚད་དེ་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་གྲུབ་ཚུལ་ཁྲོད་ཀྱི་བསྡུར་ཚད་ཇེ་མང་དུ་འགྲོ་བཞིན་ཡོད། 

རྒྱལ་སྤྱིའི་ནུས་ཁུངས་འཆར་འགོད་ཁང་གིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་རྒྱ་ཡན་དུ་སོང་བ་ལས་དབྱང་གཉིས་ཐཱན་འགྱུར་ཕྱིར་འདོན་ཚད་ལ་ཐེབས་པའི་ཤུགས་རྐྱེན་དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་གཉིས་པའི་ཟླ་སྨད་ནས་བཟུང་མངོན་པ་རེད། ཟླ་བཞི་བར་དར་རྒྱས་ཆེ་བའི་དཔལ་འབྱོར་ཚོགས་ཁག་མང་ཆེ་བས་ཚད་བཀག་བྱ་འགུལ་སྣ་ཚོགས་ཡོད་པའི་རིམས་འགོག་བྱེད་ཐབས་དང་གནས་སྐོར་ཚོད་འཛིན་བྱས་པས། འཛམ་གླིང་ཡོངས་ཀྱི་དབྱང་གཉིས་ཐཱན་འགྱུར་ཕྱིར་གཏོང་ཚད་ཇེ་དམའ་རུ་སོང་བའི་ཚད་ཆེས་ཆེ་བ་ཡིན། 

དཔལ་འབྱོར་སླར་གསོ་དང་དག་གཙང་ནུས་ཁུངས་དཀོན་པའི་སྲིད་ཇུས་ཀྱི་ཤུགས་རྐྱེན་ལས་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པར། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་དང་འབྲེལ་བའི་དབྱང་གཉིས་ཐཱན་འགྱུར་གྱི་ཕྱིར་འདོན་ཚད་སྔ་ལོ་ལས་བརྒྱ་ཆའི་གཉིས་ཀྱིས་མཐོ་བ་རེད། མིག་སྔར་དཔལ་འབྱོར་ཚོགས་ཁག་མང་བོའི་དབྱང་གཉིས་ཐཱན་འགྱུར་གྱི་ཕྱིར་འདོན་ཚད་ཇེ་མང་དུ་འགྲོ་བཞིན་ཡོད། 

རྒྱལ་སྤྱིའི་ནུས་ཁུངས་འཆར་འགོད་ཁང་གིས་བལྟས་ན། ཉིས་སྟོང་ཉི་ཤུ་ལོའི་དབྱང་གཉིས་ཐཱན་འགྱུར་གྱི་ཕྱིར་འདོན་ཚད་ཀྱི་འགྱུར་ལྡོག་ལས་དཔལ་འབྱོར་འཕར་སྣོན་དང་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཞོར་དུ། འཛམ་གླིང་ཧྲིལ་བོ་སྔར་བཞིན་དབྱང་གཉིས་ཐཱན་འགྱུར་ཕྱིར་འདོན་ཚད་ཀྱི་འགྲན་རྩོད་ལ་འཕྲད་ཡོད་པར་འདོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།