ཀྲུང་གོ་བོད་ཀྱི་དྲ་བ།

ཅིན་ཀྲིན་ཨིན་གྱིས་དམག་དོན་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་མི་དམངས་དམག་དཔུང་གི་ཀུན་སྤྱོད་སྒྲིག་ལམ་ལ་ཤུགས་སྣོན་དགོས་པ་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྐབས་བརྒྱད་པའི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་ཐེངས་དང་པོ་ཚེས་ཉེར་བཞིའི་ཉིན་ཕེན་རང་ནས་སྤེལ། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་གྲོས་ཚོགས་ཁྲོད་ཁྲའོ་ཞན་མི་དམངས་དམག་དཔུང་གིས་གསར་བརྗེའི་རང་བཞིན་ལྡན་པའི་ཀུན་སྤྱོད་སྒྲིག་ལམ་འཐུས་ཚང་དུ་གཏོང་དགོས་པའི་རེ་བ་བཏོན། 

ཅིན་ཀྲིན་ཨིན་གྱིས་བཤད་རྒྱུར། གསར་བརྗེའི་རང་བཞིན་ལྡན་པའི་ཀུན་སྤྱོད་སྒྲིག་ལམ་འཐུས་ཚང་དུ་གཏོང་བ་ནི་ཁྲའོ་ཞན་མི་དམངས་དམག་དཔུང་གི་ཆགས་འཇིག་དང་དམག་དཔུང་གི་འཛུགས་སྐྲུན། དམག་དོན་བྱ་འགུལ་གྱི་རྒྱལ་ཕམ་བཅས་ལས་འབྲེལ་བའི་གནད་དོན་གལ་ཆེན་ཞིག་རེད་ཟེར། ཁོས་རབས་གསར་བའི་ཁྲའོ་ཞན་མི་དམངས་དམག་དཔུང་གི་བཀོད་འདོམ་པའི་ཆབ་སྲིད་འདུ་ཤེས་དང་ཀུན་སྤྱོད་ལྟ་བ་འཐུས་ཚང་དུ་གཏོང་བའི་སློབ་གསོའི་ལྟ་རྟོག་བྱ་བར་ཤུགས་སྣོན་དགོས་པའི་རེ་བ་བཏོན། 

བསྒྲགས་པ་ལྟར་ན། གྲོས་ཚོགས་ནས་ཁྲའོ་ཞན་མི་དམངས་དམག་དཔུང་གི་བཀོད་འདོམ་དཔོན་པོའི་དམག་དོན་ཆབ་སྲིད་བྱ་འགུལ་དང་ཀུན་སྤྱོད་འཚོ་བའི་ཁྲོད་གནས་པའི་གནད་དོན་རབ་དང་རིམ་པ་བཏོན་པར་མ་ཟད། མི་དམངས་དམག་དཔུང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཆབ་སྲིད་ལས་ཁུངས་ཀྱིས་གསར་བརྗེའི་སྒྲིག་ལམ་དང་ཀུན་སྤྱོད་དར་སྲོལ་འཐུས་ཚང་དུ་གཏོང་བ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས་པ་ནན་གྱིས་བསྟན། 

བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཅིན་ཁྲིན་ཅི་ཁྲའོ་ཞན་མི་དམངས་དམག་དཔུང་མཚོ་དམག་གི་དམག་སྤྱིར་བསྐོ་འཇོག་བྱས་པ་དང་། མཚོ་དམག་ཀྲུང་ཅང་དམག་དཔོན་གྱི་ཐོབ་བསྩལ་བ་དང་། ཅིན་ཀྲུང་རི་ཁྲའོ་ཞན་མི་དམངས་དམག་དཔུང་མཁའ་འགྲུལ་དང་མཁའ་སྲུང་དམག་དཔུང་གི་དམག་སྤྱིར་བསྐོ་འཇོག་བྱས་ཏེ། མཁའ་དམག་གི་ཀྲུང་ཅང་དམག་དཔོན་གྱི་ཐོབ་བསྩལ། ཁྲའོ་ཞན་གྱི་རྒྱལ་སྲུང་བློན་ཆེན་ཅིན་ཀྲིན་ཀོན་དང་ཁྲའོ་ཞན་མི་དམངས་དམག་དཔུང་གི་སྤྱིའི་ཆབ་སྲིད་ཅུའུ་ཡི་ཅུའུ་ཀྲང་ཆོན་ཡུང་ཅིན་ལ་ཁྲའོ་ཞན་མི་དམངས་དམག་དཔུང་གི་སྤྱིའི་དམག་དཔོན་གཞོན་པའི་མཚན་སྙན་བསྩལ། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།