ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་གིས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་བཞིའི་ཉིན་འཚམས་འདྲིར་ཡོང་བའི་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ་དང་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་ཉེར་བཞིའི་ཉིན་ཁྱབ་སྒྲོག་བྱས་པའི་སྤྱི་སྒྲོག་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཀྲ་ཕཱ་ལོ་ཧྥུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མདུན་ལྗོངས་དང་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་གཞི་གཅིག་ཅན་གྱི་འཛུགས་སྐྲུན་སྒྲོམ་གཞིའི་འོག་ཕན་ཚུན་རོགས་རེས་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་དང་ཅིར་ཅི་སི་སི་ཐན་རྒྱལ་ཁབ་གཉིས་ནི་མཛའ་མཐུན་ཟབ་པའི་མནའ་མཐུན་གྲོགས་པོ་ཡིན་ཞིང་། ཨུ་རུ་སི་ཡིས་ཅིར་ཅི་སི་སི་ཐན་གྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ཁྲོད་གོ་གནས་གལ་ཆེན་ཟིན་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཨུ་རུ་སི་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པ་དང་། ཅིར་ཅི་སི་སི་ཐན་རྒྱལ་ནང་གི་གནས་བབ་གཏན་འཇགས་ཡོང་བ་དང་། སྔར་ལས་འཕེལ་རྒྱས་སུ་སོང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྔར་ལས་ཤུགས་སྣོན་ཐོབ་པར་རེ་བས་ཁེངས་ཡོད་ཟེར། 

ཀྲ་ཕཱ་ལོ་ཧྥུའུ་ཡིས་བསྟན་དོན། ཐེངས་འདིར་ཨུ་རུ་སིར་འཚམས་འདྲི་བྱས་པ་ནི་ཁོས་ཙུང་ཐུང་གི་ལས་འགན་ཁུར་རྗེས་ཀྱི་ཐག་དང་པོའི་འཚམས་འདྲི་ཡིན་པ་དང་། དེ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་མཐོ་བ་གསལ་བཤད་བྱེད་ཐུབ། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དང་མནའ་མཐུན་འབྲེལ་བར་ཤུགས་སྣོན་བྱེད་འདོད་ཡོད་ཟེར། ཀྲ་ཕཱ་ལོ་ཧྥུའུ་ཡིས་ཕུའུ་ཅིན་གྱིས་ཅིར་ཅི་སི་སི་ཐན་རྒྱལ་ནང་གི་ཆབ་སྲིད་ཉམས་ཉེན་ཐག་གཅོད་བྱེད་པའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་བཀའ་དྲིན་ཞུས་པ་དང་། མུ་མཐུད་དུ་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་དང་། སྒེར་ཚུགས་མཉམ་འབྲེལ་ཚོགས་པ། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས། ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ལ། དེ་ནི་ཅིར་ཅི་སི་སི་ཐན་གྱི་ཕྱི་འབྲེལ་དང་དཔལ་འབྱོར་སྲིད་ཇུས་ཀྱི་ཁ་ཕྱོགས་གཙོ་བོ་ཡིན་ཟེར། 

ཀྲ་ཕཱ་ལོ་ཧྥུའུ་ཡིས་ད་ལོའི་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་གི་འགན་ཁུར་བ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།