ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐབས་རྗེས་མའི་དྲུང་ཡིག་ཆེན་མོའི་འདེམ་བསྐོའི་ལས་རིམ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་མགྲིན་ཚབ་པ་ཝ་ཨར་མཱ་ཡིས་ཚེས་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི་ཡིས་ཁོངས་གཏོགས་རྒྱལ་ཁབ་དག་ལ་བསྐུར་བའི་མཉམ་འབྲེལ་འཕྲིན་ཡིག་ཅིག་ལ་མིང་བཀོད་དེ། སྐབས་རྗེས་མའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འདེམ་བསྐོའི་ལས་རིམ་དངོས་སུ་མགོ་བརྩམས། 

ཝ་ཨར་མཱ་ཡིས་ཉིན་དེར་སྤེལ་བའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། འཕྲིན་ཡིག་དེར་ཚེས་ལྔ་ཉིན་མིང་བཀོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་ཚིགས་སྟེང་སྤེལ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི་ལ་གྲོས་ཞིབ་བྱེད་པར་སྤྲད་པའི་འདེམ་སྒུག་མི་སྣའི་མིང་ཐོ་འབྱོར་རྗེས། མཉམ་འབྲེལ་གྱིས་ཁོངས་གཏོགས་རྒྱལ་ཁབ་ཚང་མར་བྱིན་ནས། འདེམ་སྒུག་མི་སྣ་ཚང་མས་ཁོངས་གཏོགས་ལས་ཁུངས་སོ་སོའི་བར་དངོས་གཞིའི་གྲོས་མོལ་བྱེད་པའི་གོ་སྐབས་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། 

ཝ་ཨར་མཱ་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་སྤེལ་བའི་འདེམ་སྒུག་མི་སྣའི་དངོས་གཞི་མིན་པའི་གྲོས་མོལ་དེ་ད་ལོའི་ཟླ་ལྔ་བ་དང་ཟླ་དྲུག་པར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རང་སྟེང་གི་འདེམ་བསྐོ་མགོ་མ་བརྩམས་གོང་སྤེལ་རྒྱུ་ཡིན། གལ་ཏེ་དགོས་པ་ཡོདད་ན་དངོས་གཞི་མིན་པའི་གྲོས་མོལ་དེ་འདེམ་བསྐོའི་བརྒྱུད་རིམ་ཧྲིལ་བོར་བསྟུད་མར་སྤེལ་ཡང་སྲིད་ཟེར། 

འདེམ་སྒུག་མི་སྣའི་མིང་འདོན་བྱས་ཡོད་མེད་དང་། ཁོངས་གཏོགས་རྒྱལ་ཁབ་དག་གིས་འདེམ་སྒུག་མི་སྣ་གྲོས་འདོན་བྱེད་པའི་ཆེས་མཇུག་མཐའི་དུས་ཚད་གཏན་འཁེལ་བྱས་ཡོད་མེད་ཐད་ནས་ཝ་ཨར་མཱ་ཡིས་བཤད་རྒྱུར། ད་ལྟའི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་ཁོས་བསྟུད་འགན་ཁུར་བར་བརྩོན་ལེན་བྱེད་པའི་ཆོད་དོན་གསལ་བོར་བསྒྲགས་ཡོད་པ་དང་། མིག་སྔར་ད་རུང་མི་གཞན་པས་དྲུང་ཡིག་ཆེན་མོའི་ལས་འགན་དེའི་འགྲན་རྩོད་ལ་ཞུགས་རྒྱུའི་ཚུལ་བསྟན་མེད། དུས་ཚད་ལ་ལྷོད་ཡངས་ཆེན་པོ་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཡིས་ཆེས་མཇུག་མཐའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། འདེམ་སྒུག་མི་སྣའི་མིང་ཐོང་དེ་ད་ལོའི་ལོ་མཇུག་གི་སྔོན་ལ་སྤྲད་པས་ཆོག་ཟེར། 

ཀུའུ་ཐི་ལོས་སིའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་བདེན་དཔང་བྱས་དོན། ཀུའུ་ཐི་ལོས་སི་ཡིས་བསྟུད་འགན་ཁུར་བར་བརྩོན་ལེན་བྱེད་རྒྱུ་རེད་ཟེར། ཀུའུ་ཐི་ལོས་སི་ནི་ཕུའུ་ཐའོ་ཡཱ་ནས་ཡོང་བ་དང་། ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལས་འགན་ཁུར་མགོ་བརྩམས་པ་ཡིན་ལ། འགན་ཡུན་ལོ་ལྔ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འདེམ་བསྐོ་བྱེད་ན་ཐོག་མར་ངེས་པར་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཚམས་སྦྱོར་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་བསྐོ་འཇོག་བྱེད་དགོས་ལ། འགན་ཡུན་ལོ་ལྔ་ཡིན་པ་དང་བསྟུད་འགན་ཁུར་ཆོག་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།