ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གཅིག་ལོའི་དམིགས་བསལ་ལོ་ཚོགས་ཟླ་བརྒྱད་པའི་བར་རྗེས་སུ་སྣུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་པུའུ་སུའེ་ཙེར་གྱི་རི་ནེ་ཝ་རུ་ཡོད་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཚེས་གསུམ་ཉིན་ཁྱབ་སྒྲོག་བྱས་དོན། འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྲུང་དེ་སྔར་བཞིན་ཛ་དྲག་གི་འགྲན་རྩོད་ལ་འཕྲད་ཡོད་པར་བསམ་བློ་བཏང་སྟེ། གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གཅིག་ལོའི་དམིགས་བསལ་ལོ་ཚོགས་དེ་ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་ཉི་ཤུའི་ཉིན་བར་རྗེས་སྣུར་སྒོས་སིང་ག་ཕོར་ནས་སྤེལ་རྒྱུ་ཡིན་ཟེར། 

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཉིན་དེར་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། གླེང་སྟེགས་དེ་དང་སིང་ག་ཕོར་སྲིད་གཞུང་གིས་གྲོས་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱོད་པར་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་། སིང་ག་ཕོར་གྱི་པྲོག་གསར་གློ་ཚད་རིམས་ཀྱི་འགོ་ཚད་ཅུང་དམའ་བའི་ཆུ་ཚད་སྲུང་འཛིན་བྱས་ཡོད་ཀྱང་། གྲོས་ཚོགས་ཀྱི་དུས་ཚོད་བསྒྱུར་བ་ལས་འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་སྲུང་དེ་འགྲན་རྩོད་དྲག་པོར་འཕྲད་ཡོད་པ་མཚོན་ཐུབ་ཟེར། མིག་སྔར་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་གི་གནས་སྐོར་ལ་ཚད་བཀག་བྱས་པ་ལས་ད་ལོའི་ལོ་སྟོད་དུ་སྐུད་ཐོག་མིན་པའི་གྲོས་ཚོགས་འཆར་འགོད་བྱེད་པར་དཀའ་ཁག་ཆེ་བར་མངོན། དེ་ལས་གཞན་ལོག་བཀར་དང་བར་སྣང་གནས་སྐོར་གྱི་གཏན་འཁེལ་མི་འདྲ་བ་ལས་འཛམ་གླིང་ཡོངས་ཀྱི་ཚོགས་ཞུགས་མཁན་གྱི་དགོས་ངེས་ཀྱི་གྲ་སྒྲིག་དུས་ཚོད་ཇེ་མང་དུ་བཏང་ཡོད་ཟེར། 

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་བསྟན་དོན། ཟླ་དང་པོར་སྐུད་ཐོག་ནས་ཏཱ་ཝོ་སིའི་གྲོས་རིམ་གྱི་གྲོས་མོལ་ཚོགས་འདུ་བདེ་བླག་ངང་སྤེལ་རྗེས། ཉིས་སྟོང་ཉེར་གཅིག་ལོའི་དམིགས་བསལ་ལོ་ཚོགས་ནི་འཛམ་གླིང་ཡོངས་ཀྱི་ཆབ་སྲིད་ཚོང་ལས་ལས་རིགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་བར་གྱི་སྐུད་ཐོག་མ་ཡིན་པའི་གྲོས་ཚོགས་ཤིག་ཡིན་པས། ཚོགས་ཞུགས་མཁན་དག་ཐད་ཀར་ངོ་འཕྲད་དེ་མིག་སྔའི་འཛམ་གླིང་གི་ཆེས་གལ་འགངས་ཆེ་བའི་འགྲན་རྩོད་སྣ་ཚོགས་ཇི་ལྟར་ཐག་གཅོད་བྱེད་པར་གྲོས་བསྡུར་བྱས་ཏེ། སྔར་ལས་བཟོད་སྒོམ་ལྡན་ཞིང་རྒྱུན་མཐུད་ཐུབ་པའི་འཛམ་གླིང་ཞིག་གསར་བསྐྲུན་བྱེད་པར་རྨང་གཞི་འདིང་དགོས་ཟེར།

རྒྱུན་སྲོལ་ལྟར་ན། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་དེ་ལོ་རེའི་ལོ་མགོར་སུའེ་ཙེར་གྱི་ཏཱ་ཝོ་སི་ནས་སྤེལ་བཞིན་ཡོད། ཐེངས་འདིའི་གླེང་སྟེགས་ཀྱིས་དེའི་སྔོན་ཁྱབ་སྒྲོག་བྱས་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབ་ལ་བསམ་བློ་བཏང་སྟེ། ཉིས་སྟོང་ཉེར་གཅིག་ལོའི་ལོ་ཚོགས་དེ་ད་ལོའི་ཟླ་ལྔ་བའི་ནང་སིང་ག་ཕོར་ནས་སྤེལ་རྒྱུ་ཡིན་ཟེར། 

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ནི་འཛམ་གླིང་གི་དཔལ་འབྱོར་ཁྱབ་ཁོངས་སུ་གནས་པའི་གནད་དོན་ལ་ཞིབ་འཇུག་དང་གྲོས་བསྡུར་བྱེད་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དམིགས་ཡུལ་དུ་བྱས་པའི་དཔོན་ཕྱོགས་མ་ཡིན་པའི་རྒྱལ་སྤྱིའི་རང་བཞིན་གྱི་ལས་ཁུངས་ཤིག་ཡིན་པ་རེད། དེ་ནི་སྔོན་ཆད་གཅིག་སྟོང་དགུ་བརྒྱ་དོན་གཅིག་ལོར་ཧྲི་ཝ་པུའུ་ཡིས་གསར་འཛུགས་བྱས་པའི་ཡོ་རོབ་གླིང་དོ་དམ་གླེང་སྟེགས་ལས་བྱུང་བ་དང་། གཅིག་སྟོང་དགུ་བརྒྱ་གྱ་བདུན་ལོར་ཡོ་རོབ་གླིང་དོ་དམ་གླེང་སྟེགས་དེ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་སུ་བསྒྱུར་བ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།