ཨུ་རུ་སིའི་དམག་གྲུ་ཡིས་མཚོ་ནག་མཚོ་ཁོངས་སུ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློགའཕྲིན་ལྟར་ན། ཨུ་རུ་སིའི་མཚོ་ནག་གྲུ་གཟིངས་རུ་ཁག་གིས་ཟླ་དང་པོའི་ཚེས་ཉེར་དགུའི་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་ཐང་ནཱ་ཏི་ཁུའུ་ཁི་རྟགས་ཅན་དང་པའོ་ཐི་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས་གཉིས་སྔ་གཞུག་ཏུ་མཚོ་ནག་མཚོ་ཁོངས་སུ་ཡོང་བའི་གནས་ཚུལ་འོག ཨུ་རུ་སིའི་མཱ་ཁཱ་ལོ་ཧྥུའུ་མཚོ་དམག་དམག་དཔོན་རྟགས་ཅན་གྱི་འགེབས་སྲུང་གྲུ་གཟིངས་ཀྱིས་མཚོ་ནག་མཚོ་ཁོངས་ནས་བློ་བཟོས་དམིགས་འབེན་ཚར་གཅོད་བྱེད་པའི་དམག་དོན་སྦྱོང་བརྡར་སྤེལ་བ་ཡིན་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། དམག་དོན་སྦྱོང་བརྡར་ཁྲོད་དུ་མཱ་ཁཱ་ལོ་ཧྥུའུ་མཚོ་དམག་དམག་དཔོན་རྟགས་ཅན་གྱི་འགེབས་སྲུང་གྲུ་གཟིངས་ཀྱིས་བློ་བཟོས་བར་སྣང་དམིགས་འབེན་རྙེད་པ་དང་། དེར་གློག་རྡུལ་ཐེ་གཏོགས་བྱས་ཤིང་ཞོར་དུ་མེ་ཤུགས་གྲ་སྒྲིག་བྱས་ཏེ་དམིགས་འབེན་ལ་ཆམ་ཕབ་བཏང་བ་རེད། གྲུ་གཟིངས་དེའི་སྟེང་གི་དཔོན་དམག་གིས་ད་རུང་དམིགས་སའི་རང་བཞིན་ལྡན་པའི་འཚོ་སྡོད་སྦྱོང་བརྡར་བྱས་པ་དང་། གྲུ་གཟིངས་བདེ་འཇགས་ལ་འགན་སྲུང་བྱེད་པའི་བྱ་བར་སྦྱོང་བརྡར་བྱས། ཐེངས་འདིའི་སྦྱོང་བརྡར་གྱི་དུས་རིམ་རྗེས་མའི་ལས་འགན་ནི་སྤོ་སྒུལ་ཐུབ་པའི་བཙན་རྫོང་རྟེན་གཞིའི་འཕུར་མདའི་བརྒྱ་དམག་དང་མཉམ་དུ་འཐབ་འཁྲུག་གྲ་སྒྲིག་གི་སྦྱོང་བརྡར་སྤེལ་རྒྱུ་དེ་ཡིན་ཟེར། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཐང་ནཱ་ཏི་ཁུའུ་ཁི་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས་ཚེས་ཉེར་གསུམ་ཉིན་མཚོ་ནག་མཚོ་ཁོངས་སུ་ཡོང་བ་དང་། པའོ་ཐི་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས་དེ་ཚེས་ཉེར་བརྒྱད་ཉིན་མཚོ་ནག་མཚོ་ཁོངས་སུ་ཡོང་བ་རེད། ཨུ་རུ་སིའི་མཚོ་ནག་གྲུ་གཟིངས་རུ་ཁག་གིས་ཨ་མེ་རི་ཁའི་གྲུ་གཟིངས་གཉིས་ཀྱི་མཚོ་ནག་མཚོ་ཁོངས་ཀྱི་འགུལ་སྐྱོད་ཚང་མར་ལྟ་རྟོག་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།