ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་ཉི་ཤུ་ལོར་འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ཡོང་སྒོའི་ཐད་ཨ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་གྱི་གྱོང་གུད་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། པྲོག་གསར་གློ་ཚད་རིམས་ནད་ཀྱི་དབང་གིས་འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་མི་གྲངས་ཧ་ཅང་ཇེ་ཉུང་དུ་སོང་བ་དང་། ཉིས་སྟོང་ཉི་ཤུ་ལོར་འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ཡོང་སྒོའི་ཐད་ཨ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་གྱི་གྱོང་གུད་བྱུང་ནས། ཡུལ་སྐོར་ལས་རིགས་ཀྱི་ལོ་རྒྱུས་སྟེང་ལོ་ཆེས་སྡུག་པོར་གྱུར་ཟེར།

འཛམ་གླིང་ཡུལ་སྐོར་ལས་རིགས་རྩ་འཛུགས་ཀྱིས་གསལ་བསྒྲགས་ནང་བཤད་རྒྱུར། འཛམ་གླིང་ཡུལ་སྐོར་ལས་རིགས་ཀྱི་ན་ནིང་གི་ཡོང་སྒོའི་ཐད་ཀྱི་གྱོང་གུད་ནི་ཉིས་སྟོང་དགུ་ལོའི་དངུལ་རྩའི་ཉེན་ཚབས་ཀྱི་གནོད་པ་ལས་ཐེབས་པའི་གྱོང་གུད་ལས་ལྡབ་བཅུ་གཅིག་ལྷག་གིས་མང་ལ། ཡུལ་སྐོར་ལས་རིགས་དང་ཐད་ཀར་དུ་འབྲེལ་བའི་བྱ་བ་དུང་ཕྱུར་གཅིག་དང་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ཉེན་ཁར་འཕྲད་ཡོད་ཟེར།

གཞི་གྲངས་ལས་མངོན་པ་ལྟར་ན། ཉིས་སྟོང་ཉི་ཤུ་ལོར་འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་པའི་སྤྱི་གྲངས་ལོ་སྔོན་མ་ལས་མི་ཐེངས་ཐེར་འབུམ་གཅིག་གིས་ཇེ་ཉུང་དུ་སོང་ལ། ཇེ་ཉུང་དུ་སོང་ཚད་བརྒྱ་ཆའི་དོན་བཞིར་སླེབས། དེའི་ནང་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་བརྒྱ་ཆའི་གྱ་བཞི་ཇེ་ཉུང་དུ་སོང་བས། ཇེ་ཉུང་དུ་སོང་ཚད་ཆེས་མང་། ཨ་ཧྥེ་རི་ཁ་གླིང་དང་དབུས་ཤར་ས་ཁུལ་དུ་བརྒྱ་ཆའི་དོན་ལྔ་ཇེ་ཉུང་དུ་སོང་། ཡོ་རོབ་གླིང་ས་ཁུལ་དུ་ན་ནིང་དབྱར་ཁར་ཡུལ་སྐོར་པ་ཅུང་འཕར་ན་ཡང་ལོ་ཧྲིལ་པོར་བརྒྱ་ཆའི་བདུན་ཅུ་ཇེ་ཉུང་དུ་སོང་། མེ་གླིང་དུ་བརྒྱ་ཆའི་རེ་དགུ་ཇེ་ཉུང་དུ་སོང་།

ཐེངས་སྔོན་མར་འཛམ་གླིང་ཡོངས་སུ་ཡུལ་སྐོར་པ་ཇེ་ཉུང་དུ་སོང་བ་ནི་ཉིས་སྟོང་དགུའི་ལོ་རེད། དངུལ་རྩའི་ཉེན་ཚབ་ཀྱི་གནོད་པ་ཐེབས་པས། ལོ་དེར་འཛམ་གླིང་ཡོངས་སུ་ཡུལ་སྐོར་པ་དུས་མཉམ་ལས་བརྒྱ་ཆའི་བཞི་ཇེ་ཉུང་དུ་སོང་།

འཛམ་གླིང་ཉོ་འཚོང་རྩ་འཛུགས་ཀྱིས་བཤད་རྒྱུར། ཆེད་མཁས་པས་བལྟས་ན་འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་ལས་རིགས་དེ་ཉིས་སྟོང་ཉེར་གསུམ་ལོའི་སྔོན་ལ་པྲོག་གསར་གློ་ཚད་རིམས་ནད་མ་བྱུང་གོང་གི་ཚད་དུ་སླར་གསོ་འབྱུང་མི་ཐུབ་ལ། ཡུལ་སྐོར་ལས་རིགས་སླར་གསོ་འབྱུང་སྐབས། རི་ཁུལ་ཡུལ་སྐོར་དང་རང་བྱུང་ཡུལ་སྐོར་གྱི་དགོས་མཁོ་ཇེ་མཐོར་འགྲོ་ངེས་ལ། རྒྱལ་ནང་གི་ཡུལ་སྐོར་ལ་ཡང་དགའ་བསུ་སྔར་ལས་ཆེན་པོ་ཐོབ་སྲིད་ཟེར།

འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་པོ་ལོ་ལེ་ཁ་ཧྲི་ཝེ་ལེ་ཡིས་བཤད་རྒྱུར། ང་ཚོས་ཉེན་ཚབ་འདི་མྱུར་དུ་མཇུག་སྒྲིལ་མི་ཐུབ་པ་གསལ་པོར་ཤེས་པས། རྒྱལ་སྤྱིའི་ཡུལ་སྐོར་གྱི་བདེ་འཇགས་ཆེད་དུ་བྱ་བ་མང་པོ་བསྒྲུབས་ཡོད། བརྟག་དཔྱད་དང་རྗེས་སྙེག འགོག་སྨན་རྒྱག་ཆོག་པའི་དཔང་ཡིག་སྟེར་བ་སོགས་ཀྱི་རིམས་འགོག་བྱེད་ཐབས་ལ་གཅིག་འདོམས་དང་མཐུན་སྦྱོར་བྱེད་དགོས་ལ། གཞི་གྲངས་ཅན་དུ་གཏོང་དགོས། འདི་དག་ནི་བདེ་འཇགས་ཀྱི་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་ལས་རིགས་སླར་གསོ་བྱེད་པར་གྲ་སྒྲིག་བྱེད་པའི་དགོས་ངེས་ཀྱི་རྨང་གཞི་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།