ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་བར་གྱི་མཐའ་མཚམས་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཧྥ་རན་སིའི་ཙུང་ལི་ཁཱ་སི་ཐེ་ཡིས་ཚེས་ཉེར་དགུའི་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། པྲོག་གསར་གློ་ཚད་རིམས་ནད་ལ་ཚོད་འཛིན་བྱེད་ཆེད། ཧྥ་རན་སིའི་སྲིད་གཞུང་གིས་ཡོ་རོབ་གླིང་མནའ་འབྲེལ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་བར་གྱི་མཐའ་མཚམས་བཀག་སྡོམ་བྱེད་རྒྱུའི་ཐག་བཅད། 

ཁཱ་སི་ཐེ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། ཧྥ་རན་སི་ཡིས་ཚེས་སོ་གཅིག་ཉིན་གྱི་ནམ་གུང་ནས་བཟུང་ཡོ་རོབ་གླིང་མནའ་འབྲེལ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་བར་གྱི་མཐའ་མཚམས་བཀག་སྡོམ་བྱེད་རྒྱུ་ཡིན་པ་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱི་མི་སྣར་བྲེལ་མྱུར་རྒྱུ་རྐྱེན་ཡོད་ན་དམིགས་བསལ་ཡོད་པ་མ་གཏོགས་ཡོད་ཚད་ཧྥ་རན་སིའི་མངའ་ཁོངས་སུ་ཡོང་བར་གཏན་འགོག་བྱེད་རྒྱུ་ཡིན། དེའི་ཞོར་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་གཏོགས་རྒྱལ་ཁབ་དག་ནས་ཧྥ་རན་སིའི་མངའ་ཁོངས་སུ་ཡོང་བའི་མི་ཚང་མས་ངེས་པར་དུ་པྲོག་གསར་ནད་དུག་གི་ཉིང་སྐྱུར་ཞིབ་བཤེར་བྱེད་དགོས་ཡང་། མངའ་ཁོངས་བརྒལ་བའི་བྱ་བ་བྱེད་མཁན་དག་གིས་ཞིབ་བཤེར་བྱེད་མི་དགོས་ཟེར། 

ཁཱ་སི་ཐེ་ཡིས་ད་རུང་བཤད་རྒྱུར། ཧྥ་རན་སིའི་སྤྱིའི་རྒྱ་ཁྱོན་རྨིད་ངོས་སྙོམས་གྲུ་བཞི་མ་ཁྲི་གཉིས་ལས་བརྒལ་བའི་ཟས་རིགས་མ་ཡིན་པའི་ཉོ་ཚོང་ལྟེ་གནས་ཡོད་ཚད་ཀྱིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་ནས་བཟུང་སྒོ་བརྒྱག་དགོས་པ་དང་། ཟླ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་ཚོང་ར་ཆེན་མོ་ཚང་མས་མགྲོན་པའི་དངོས་ཟོང་ཉོ་བའི་བདེ་འཇགས་བར་ཐག་ནན་སྲུང་བྱེད་དགོས། ཟླ་གཉིས་པ་ནས་བཟུང་ཁེ་ལས་ཚང་མས་ཅི་ནུས་ཀྱིས་རྒྱང་བསྟེན་གཞུང་སྒྲུབ་བྱེད་པ་དང་། རྒྱལ་ཁབ་ཀྱིས་མུ་མཐུད་དུ་དངུལ་བསྐྱིས་དང་མཐུན་སྒྲིལ་ཐེབས་རྩའི་འཆར་གཞི། ལས་ཤོར་ཁ་གསབ་སྟེར་བ་སོགས་ཀྱི་ཐབས་ལ་བརྟེན་ནས་ཤུགས་རྐྱེན་ཐེབས་པའི་ཁེ་ལས་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད། དེའི་ཞོར་དུ་ཉེན་རྟོག་པ་དང་ཚད་ལྡན་དམག་དཔུང་གིས་ཞིབ་བཤེར་ཤུགས་ཚད་ཇེ་ཆེར་བཏང་ནས་མཚན་མགྲོན་འགོག་པའི་བྱེད་ཐབས་དངོས་འབེབ་བྱེད་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 

ཁཱ་སི་ཐེ་ཡིས་བསྟན་དོན། གཤིས་འགྱུར་པྲོག་གསར་ནད་དུག་ཧྥ་རན་སི་ནས་བྱུང་བ་དང་ནད་དུག་འགོ་བའི་མྱུར་ཚད་ཇེ་མགྱོགས་སུ་སོང་བར་མ་ཟད། མཚན་མགྲོན་འགོག་པའི་ནུས་པ་ཇེ་ཞན་དུ་བཏང་ཡོད། སྲིད་གཞུང་གིས་མིག་སྔར་མཚན་མགྲོན་འགོག་པའི་རྨང་གཞིའི་སྟེང་ཁ་གསབ་བྱེད་ཐབས་སྤྱད་ཡོད་ལ། དེའི་དམིགས་ཡུལ་ནི་ཚད་ཆེན་པོའི་སྒོ་ནས་ཡང་བསྐྱར་གྲོང་ཁྱེར་བཀག་སྡོམ་བྱེད་པར་སྔོན་འགོག་བྱེད་ཆེད་ཡིན། དེ་ལས་གཞན་ཧྥ་རན་སི་ཡིས་འགོག་སྨན་བརྒྱག་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།