ཀྲུང་གོ་བོད་ཀྱི་དྲ་བ།

མར་ཐཱའི་ཙུང་ཐུང་གིས་ཀྲུང་གོའི་བར་གྱི་ཕྱོགས་གཉིས་ཀྱི་མཐོ་རིམ་འགྲོ་འོང་དང་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མར་ཐཱའི་ཙུང་ཐུང་ཝེ་ལཱ་ཡིས་ཚེས་ཉེར་བརྒྱད་ཉིན་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་རིམས་འགོག་ཐད་ནས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། ཀྲུང་གོའི་བར་གྱི་ཕྱོགས་གཉིས་ཀྱི་མཐོ་རིམ་འགྲོ་འོང་དང་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར། 

ཝེ་ལཱ་ཡིས་ཉིན་དེར་མར་ཐཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་ཡུས་ཏོན་ཧེ་ཡིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱས་པ་དང་། ཡུས་ཏོན་ཧེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྙིང་ཐག་པ་ནས་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུ་བཞིན་ཡོད་པ་བརྒྱུད་སྒྲོག་བྱེད་དགོས་པའི་རེ་བ་བཏོན། ཝེ་ལཱ་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གདེང་འཇོག་ཆེན་པོ་བྱས་པ་དང་། ཀྲུང་གོའི་བར་གྱི་ཕྱོགས་གཉིས་ཀྱི་མཐོ་རིམ་འགྲོ་འོང་དང་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ལ། རྒྱལ་སྤྱིའི་གར་སྟེགས་སུ་གཞོགས་འདེགས་དམ་པོ་བྱས་ཏེ། མར་ཐཱ་དང་ཀྲུང་གོའི་མཛའ་མཐུན་དང་མི་དམངས་བར་གྱི་མཛའ་བཤེས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བའི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཟེར། 

ཡུས་ཏོན་ཧེ་ཡིས་ཙུང་ཐུང་ཝེ་ལཱ་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྷག་བསམ་རྣམ་པར་དག་པའི་འཚམས་འདྲི་བརྒྱུད་སྒྲོག་བྱས། 

ཡུས་ཏོན་ཧེ་ཡིས་བསྟན་དོན། སང་ལོའི་ཟླ་དང་པོར་ཀྲུང་གོ་དང་མར་ཐཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བ་དང་། ཀྲུང་གོའི་ཕྱོགས་ཀྱིས་དེ་གོ་སྐབས་སུ་བྱས་ཤིང་མར་ཐཱ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། གྲོས་མོལ་དང་འབྲེལ་འདྲིས། མཉམ་ལས་བཅས་ལ་ཤུགས་སྣོན་བྱེད་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ནས་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་གང་ལེགས་བྱེད་པ། མཉམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།