ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ཐོག་དང་པོར་པུའུ་ཀྲང་གིས་ཁྲིད་པའི་འཐུས་ཚབ་ཚོགས་པ་མངག་ནས་སུའུ་ཏན་དུ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་གསང་འཕྲིན་པུའུ་ཀྲང་ཁི་ཧིན་གྱིས་ཚེས་ཉེར་ལྔ་ཉིན་དཔོན་ཕྱོགས་ཀྱི་འཐུས་ཚབ་ཚོགས་པ་ཁྲིད་དེ་སུའུ་ཏན་དུ་འཚམས་འདྲིར་སོང་། དེ་ནི་དབྱི་སི་རལ་སྲིད་གཞུང་གིས་ཐོག་དང་པོར་པུའུ་ཀྲང་གིས་ཁྲིད་པའི་འཐུས་ཚབ་ཚོགས་པ་མངག་ནས་སུའུ་ཏན་དུ་འཚམས་འདྲི་བྱས་པ་རེད། 

ཁི་ཧིན་གྱིས་འཚམས་འདྲི་མཇུག་སྒྲིལ་ནས་ཕྱིར་རྒྱལ་ནང་དུ་ལོག་རྗེས་བཤད་རྒྱུར། ཁོ་དང་སུའུ་ཏན་སྲིད་གཞུང་གི་དཔོན་པོ་མང་བོས་གྲོས་མོལ་བྱས་ཤིང་། དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པས་སུའུ་ཏན་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་དང་བདེ་འཇགས་ཀྱི་གྲོས་གཞི། དཔལ་འབྱོར་མཉམ་ལས་ཀྱི་སྦས་ཤུགས་བཅས་ལ་གྲོས་བསྡུར་བྱས་པ་ཡིན་ཟེར། 

ཁི་ཧིན་གྱིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཐེངས་འདིའི་འཚམས་འདྲི་ལས་མཉམ་ལས་གལ་ཆེན་མང་བོར་རྨང་གཞི་བཏིང་ཡོད་པ་དང་། དབྱི་སི་རལ་དང་སུའུ་ཏན་ཕྱོགས་གཉིས་ལ་ཕན་ཐོགས་ཡོད་པར་མ་ཟད། ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལའང་ཕན་ཐོགས་འབྱུང་སྲིད་པར་ཡིད་ཆེས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་སུའུ་ཏན་གྱིས་འཐུས་ཚབ་ཚོགས་པ་མངག་ནས་དབྱི་སི་རལ་དུ་འཚམས་འདྲི་བྱེད་པར་འཐད་པ་བྱུང་ཡོད་ཟེར། 

སུའུ་ཏན་སྲིད་གཞུང་གིས་མིག་སྔར་དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པའི་འཚམས་འདྲིའི་ཐད་ནས་དཔྱད་བརྗོད་གང་ཡང་སྤེལ་མེད། 

ཨ་མེ་རི་ཁའི་སྲིད་གཞུང་གི་བར་འདུམ་འོག སུའུ་ཏན་དང་དབྱི་སི་རལ་གྱིས་ན་ནིང་ཟླ་བཅུ་བར་རྒྱུན་ལྡན་འབྲེལ་བ་མངོན་འགྱུར་བྱེད་པར་ཡིད་འཐད་བྱུང་། ལུའུ་ཐིག་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཁི་ཧིན་གྱི་ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་ནི་སུའུ་ཏན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་རྒྱུན་ལྡན་འབྲེལ་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་གྲོས་བསྡུར་བྱེད་ཆེད་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།