ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་ལྷོ་ཕྱོགས་མཐའ་མཚམས་ས་ཁུལ་དུ་འཁྲུག་རྩོད་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལིའི་དཔོན་རིགས་ཀྱིས་ཚེས་ཉེར་ལྔ་ཉིན་བསྟན་དོན། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཉིན་དེར་ལྷོ་ངོས་ཀྱི་མཐའ་མཚམས་ས་ཁུལ་ནས་ཀྲུའུ་པཱ་ལན་ས་ཁུལ་གྱི་དྲག་ཆས་པའི་བར་འཁྲུག་རྩོད་བྱས་ཏེ། ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཡོད། སྲིད་གཞུང་དམག་དཔུང་གིས་དྲག་ཆས་ཉེས་ཅན་བརྒྱ་ཙམ་འཛིན་བཟུང་བྱས་ཡོད་ཟེར། 

སོ་མཱ་ལིའི་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཨ་ལེ་མུའུ་ཡིས་ཉིན་དེར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཀྲུའུ་པཱ་ལན་ས་གནས་སྲིད་གཞུང་གི་སྔོན་ཆད་ཀྱི་བདེ་འཇགས་པུའུ་ཀྲང་ཅཱ་ནན་ལ་རྒྱབ་སྐྱོར་བྱེད་པའི་དྲག་ཆས་མི་སྣ་སྐོར་ཞིག་གིས་ཚེས་ཉེར་བཞི་ཉིན་གྱི་ནམ་གུང་སོ་མཱ་ལིའི་མཐའ་མཚམས་ས་ཁུལ་གྱི་པེ་ལའེ་ཏི་ཧཱ་བོ་གྲོང་ཁྱེར་ལ་དཔུང་འཇུག་བྱས་ནས་གྲོང་ཁྱེར་དང་ཡུད་ཙམ་ལ་བཙན་བཟུང་བྱས། བསྟུད་མར་ཉིན་གཅིག་རིང་འཁྲུག་རྩོད་བྱས་རྗེས་སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་གྲོང་ཁྱེར་དེའི་ཚོད་འཛིན་དབང་ཆ་ཕྱིར་འཕྲོག་པ་དང་། དྲག་ཆས་མི་སྣ་བརྒྱ་ཙམ་འཛིན་བཟུང་བྱས་ཡོད་ཟེར། 

མུའུ་ཨ་ལེ་མུའུ་ཡིས་བཤད་རྒྱུར། འཁྲུག་རྩོད་དེ་ལས་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མི་སེར་དཀྱུས་མ་དགུ་དང་སྲིད་གཞུང་གི་དམག་མི་གཉིས་འདུས། མི་མང་བོའི་རྨས་སྐྱོན་ཚབས་ཆེན་ཡིན་པའི་དབང་གིས་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ངེས་རེད། 

སོ་མཱ་ལིའི་གསར་འགྱུར་པུའུ་ཀྲང་ཏུའུ་པེ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་དྲག་ཆས་མི་སྣའི་ལག་ནས་མཚོན་ཆ་མང་བོ་གཞུང་བཞེས་བྱས་པ་དང་། སོ་མཱ་ལི་ཡིས་མཚོན་ཆ་དེ་དག་གི་ཡོང་ཁུངས་ལ་རྟོག་ཞིབ་བྱེད་རྒྱུ་ཡིན་ཟེར། ཁོས་དྲག་ཆས་མི་སྣ་དག་གིས་སྲིད་གཞུང་དམག་དཔུང་ལ་མགོ་སྒུར་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། སོ་མཱ་ལིའི་སྲིད་གཞུང་གིས་མཐའ་མཚམས་ས་ཁུལ་གྱི་སྐོར་གཡེང་ལ་ཤུགས་སྣོན་བྱས་ཏེ་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།